
ཟླ11པའི་ཚེས10ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་སུན་ལེ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་གཏམ་བཤད་སྤེལ་ནས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་འདེམས་བསྐོ་ཆེན་མོ་བདེ་བླག་ངང་སྤེལ་བར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།
སུན་ལེ་ཡིས་བཤད་རྒྱུར། སུའུ་ཏན་ལྷོ་མའི་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འདེམས་བསྐོ་ཆེན་མོའི་དུས་ཚོད་ལ་ཟླ་བ་གཅིག་ཙམ་ལས་མེད་པས། སུའུ་ཏན་ལྷོ་མའི་ཆབ་སྲིད་འཕེལ་རིམ་གནད་འགག་དུས་སྐབས་སུ་སླེབས་ཡོད། འདེམས་བསྐོ་ཆེན་མོ་ནི་སུའུ་ཏན་ལྷོ་མའི་མི་དམངས་རང་བཙན་བྱས་ནས་ལོ15འཁོར་བའི་རིང་གི་ཕུགས་འདུན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་ཏང་ཁག་སོ་སོ་དང་མི་རིགས་སོ་སོས་ཁྱོན་ཡོངས་གཙོ་བོར་བཟུང་སྟེ། དགྲར་འཛིན་གྱི་བྱ་སྤྱོད་མྱུར་དུ་མཚམས་འཇོག་པ་དང་ཛ་དྲག་གི་གནས་བབ་ཞི་ལྷོད་དུ་བཏང་ནས། སྲིད་ཏང་བར་གྲོས་མོལ་བྱས་པ་བརྒྱུད། འདེམས་བསྐོའི་འབྲེལ་ཡོད་བཀོད་སྒྲིག་གཏན་འཁེལ་བྱས་ཏེ། འདེམས་བསྐོའི་དབང་གིས་དམག་འཁྲུག་དང་ཟིང་ཆ་མི་ཐོན་པར་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་སུའུ་ཏན་ལྷོ་མའི་འདེམས་བསྐོ་ཆེན་མོར་རྒྱབ་ཕྱོགས་མཁོ་སྒྲུབ་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་གྱི་ལག་ཟུང་བསྲིངས་ནས། སུའུ་ཏན་ལྷོ་མར་འདེམས་བསྐོའི་ཐོན་ཁུངས་མི་འདང་བ་སོགས་ཀྱི་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་འཇལ་རོགས་བྱེད་པ་དང་། འདེམས་བསྐོའི་སྒྲིག་གཞིས་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས། འདེམས་བསྐོ་ཆེན་མོ་གོ་རིམ་ལྡན་ལ་བརྟན་བརླིང་ངང་སྤེལ་བར་འགན་ལེན་བྱེད་དགོས་ཟེར།
སུན་ལེ་ཡིས་བསྟན་དོན། འདེམས་བསྐོ་ནི་ཞི་བདེའི་འཕེལ་རིམ་གྱི་མཐའ་མཇུག་མིན་པས། ཕྱོགས་སོ་སོས་གྲོས་མཐུན་ལ་བརྩི་སྲུང་ཞུ་བ་དང་མུ་མཐུད་དོན་འཁྱོལ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེའི་འཕེལ་རིམ་ལ་བཅངས་པའི་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་བདག་དབང་དང་སུའུ་ཏན་ལྷོ་མའི་མི་དམངས་ཀྱི་རང་བདག་གདམ་གར་བརྩི་འཇོག་བྱས་ནས། དགོས་ངེས་ཀྱི་ངང་རྒྱུད་རིང་མོ་དང་ཡིད་ཆེས་མངོན་པར་བྱས་ཏེ། དགེ་མཚན་ལྡན་པའི་རྒྱབ་སྐྱོར་གང་མང་བྱེད་དགོས་ཟེར།
སུན་ལེ་ཡིས་བཤད་རྒྱུར། སུའུ་ཏན་ལྷོ་མ་ཐན་པ་དང་ཆུ་ལོག རིམས་ནད་སོགས་ཀྱི་འགྲན་སློང་མང་པོར་འཕྲད་ཀྱང་། སུའུ་ཏན་གྱི་སྐྱབས་བཅོལ་བ་འབོར་ཆེན་སྔར་བཞིན་དང་ལེན་བྱེད་འདོད་ཡོད། མི་ཆོས་སྒྲིག་གཞི་མང་པོ་ཞིག་གིས་དཀའ་ངལ་སྣ་ཚོགས་ཁྱད་སེལ་བྱས་ནས་རྒྱབ་སྐྱོར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྟོད་བསྔགས་བྱེད་ཀྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་ལྷོ་མའི་མི་ཆོས་གནས་ཚུལ་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲུ་རིགས་སོགས་གཞི་རྩའི་དངོས་ཟོག་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བའི་དུས་མཚུངས་སུ། རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་རོགས་བྱེད་པ་དང་། ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་གྱི་མཉེན་ཤུགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། དབུལ་ཕོངས་དང་གདོང་ཐུག་གི་འཁོར་རྒྱུག་ལས་སྒྲོལ་ཐུབ་པར་བྱེད་དགོས་ཟེར།
སུན་ལེ་ཡིས་འདོད་དོན། ཀྲུང་གོ་ཕྱོགས་ཀྱིས སུའུ་ཏན་ལྷོ་མའི་མཉམ་འབྲེལ་ཚོགས་པའི་ཞི་བདེ་སྲུང་སྐྱོང་མི་སྣར་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་ཡོད་པ་དང་། མགྱོགས་མྱུར་ངང་བརྟག་དཔྱད་དང་འགན་འཁྲི་རྩད་གཅོད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སུའུ་ཏན་ལྷོ་མའི་ཚོགས་པའི་དམག་མི་གཏོང་མཁན་རྒྱལ་ཁབ་གཙོ་བོ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དམིགས་བསལ་འཐུས་མི་ཀེ་པེ་ཧོ་ཡི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། སུའུ་ཏན་ལྷོ་མའི་སྲིད་གཞུང་དང་སུའུ་ཏན་ལྷོ་མའི་ཚོགས་པའི་བར་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་དང་མཛའ་མཐུན་གྲོས་མོལ་བྱ་རྒྱུའི་ཐད་སྐུལ་ལྕག་བཏང་ནས། ཁོ་ཚོའི་བཀོད་སྒྲིག་དང་བྱ་སྤྱོད་སོགས་ལ་མུ་མཐུད་སྟབས་བདེ་བསྐྲུན་ནས། སུའུ་ཏན་ལྷོ་མའི་བརྟན་བརླིང་ལ་མཉམ་དུ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་མཉམ་འབྲེལ་ཚོགས་པའི་སྤྱི་ཚོགས་གསར་གཏོད་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པ་དང་། དཔུང་སྡེ་ཁུ་བསྡུ་ས་ཁུལ་དུ་སྔོན་ཚུད་ཉེན་བརྡ་གཏོང་བ་དང་གདོང་ཐུག་དོ་དམ་སོགས་ཀྱི་ནུས་པར་ཤུགས་བསྣན་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སུའུ་ཏན་ལྷོ་མའི་མཉམ་འབྲེལ་ཚོགས་པའི་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།
སུན་ལེ་ཡིས་བཤད་རྒྱུར། སུའུ་ཏན་ལྷོ་མའི་གྲོགས་པོ་བཟང་པོ་ཞིག་ཡིན་པའི་ངོས་ནས། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ལྷོ་མའི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། སུའུ་ཏན་ལྷོ་མའི་མི་དམངས་ཀྱིས་རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། སུའུ་ཏན་ལྷོ་མའི་ཕྱོགས་སོ་སོས་སྐད་ཆ་བཤད་རེས་དང་གྲོས་མོལ་དམ་ཟབ་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། ཆབ་སྲིད་བར་བརྒལ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཡུན་རིང་ཞི་བདེ་དང་འཕེལ་རྒྱས་དར་རྒྱས་མགྱོགས་མྱུར་ངང་མངོན་འགྱུར་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།