
དབྱི་ལང་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་གིས་ཚེས8ཉིན་གྱི་ཐོ་རེངས་སུ་གསལ་བསྒྲགས་སྤེལ་ཏེ། ཧོ་འར་མུའུ་ཙི་མཚོ་འགག་ཏུ་སྒྲིག་འགལ་ངང་བགྲོད་རྩིས་ཡོད་པའི་སྣུམ་གྲུ་གཉིས་ཡར་སྔོན་དུ་འབར་མདེལ་ལ་ཐུག་ནས་མེར་འབར་བར་བཤད་པ་དང་། གསལ་བསྒྲགས་ལས་སྣུམ་གྲུ་དེ་གཉིས་སྒྲིག་འགལ་བྱས་པ་དང་ཆབས་ཅིག་ཕྱོགས་སྟོན་དང་གནས་གཏན་མ་ལག་གི་སྒོ་བརྒྱབ་པར་བཤད།
ཨ་རིའི་ཀྲུང་དབྱང་བཀའ་འཛིན་པུའུ་ཡིས་ཚེས7ཉིན་བསྒྲགས་པ་ལྟར་ན། ཨ་རིའི་དམག་དཔུང་གིས་ཉིན་དེར་ཨ་མན་མཚོ་ཁུག་ཏུ་ཨ་རིས་དབྱི་ལང་གི་མཚོ་ཐོག་བཀག་སྡོམ་ལས་བརྒལ་རྩིས་བྱེད་པའི་ཟོག་འདྲེན་གྲུ་གཟིངས་ཤིག་ལ་རྡུང་རྡེག་བཏང་སྟེ་དེར་མཚོ་འགྲུལ་གྱི་ནུས་པ་ཤོར་དུ་བཅུག་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་ཚེས་བརྒྱད་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་དེའི་རྒྱལ་དམངས་ཉེན་རྟོག་རུ་ཁག་གིས་ཨ་མན་མཚོ་ཁུག་གི་མེར་ཤོར་བའི་ཟོག་འདྲེན་གྲུ་གཟིངས་ཤིག་གི་སྟེང་དུ་གྲུ་པ22བསྐྱབས་པ་དང་། ཟོག་འདྲེན་གྲུ་གཟིངས་མེར་ཤོར་བའི་རྒྱུ་རྐྱེན་གསལ་བཤད་བྱས་མེད།
དབྱི་ལང་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་གི་མགྲིན་ཚབ་པ་མུའུ་ཧི་པི་ཡིས་ཚེས7ཉིན་བཤད་རྒྱུར། དབྱི་ལང་གིས་འཕུར་མདེལ་འཕེན་ཐག་གི་ཚོད་འཛིན་མེད་པར་བཟོས་ནས། དབྱི་ལང་གི་འཕུར་མདེལ་གྱིས་དབྱི་ལང་ལ་འཇིགས་སྐུལ་བཟོ་བའི་ས་ཆ་གང་རུང་ལ་རྡུང་རྡེག་གཏོང་ཐུབ་པར་བྱས་ཡོད། ཁོས་ད་དུང་དབྱི་ལང་གིས་ཐོན་སྐྱེད་དང་རིམ་སྤོར་མཚོན་ཆའི་འཕེལ་རིམ་གྱི་མཚམས་ཆད་མི་སྲིད་ཟེར།
ཨ་རིའི་ཕྱོགས་ནས། ཨ་རིའི་ཀྲུང་དབྱང་བཀའ་འཛིན་པུའུ་ཡི་བཀའ་འཛིན་ཁུའུ་ཕོ་ཡིས་ཆེད་གཏོང་དམག་དཔུང་ཞིག་འཛུགས་རྒྱུའི་བཀའ་ཕབ་ནས། སྔོན་ཐོན་མཚོན་ཆ་དང་བཀག་སྡོམ་བྱས་པའི་དངོས་རྫས་གཞན་དག་སྐམ་ལམ་དང་ལི་ཧའེ་རྒྱ་མཚོ་བརྒྱུད་དེ་དབྱི་ལང་ལ་འདྲེན་པར་སྔོན་འགོག་དང་། དབྱི་ལང་གིས་མཚོན་ཆའི་བཟོ་གྲྭ་བསྐྱར་འཛུགས་དང་དམག་དོན་སྟོབས་ཤུགས་ཁ་གསབ་བྱེད་པར་ཚོད་འཛིན་བྱ་རྒྱུ་ཡིན་པ་བསྟན།