ཐི་ལིང་ཕུའུ་ཡིས་གལ་ཏེ་གྲོས་མོལ་ལ་འཕེལ་རྒྱས་བྱུང་ན་དབྱི་ལང་ལ་དྲག་ཤུགས་སྤྱོད་མི་སྲིད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས8ཉིན་བཤད་རྒྱུར། ཨ་རི་དང་དབྱི་ལང་བར་གྱི་གྲོས་མོལ་ལ་འཕེལ་རྒྱས་བྱུང་ན། ཨ་རིས་ཡང་བསྐྱར་དབྱི་ལང་ལ་གཞི་ཁྱོན་ཆེ་བའི་དམག་དོན་འགུལ་སྐྱོད་གཏན་ནས་བྱེད་མི་སྲིད་ཅེས་བཤད་མོད། འོན་ཀྱང་ཁོང་གིས་དུས་མཚུངས་སུ་དབུས་ཤར་ས་ཁུལ་གྱི་བཅའ་སྡོད་ཨ་རིའི་དམག་དཔུང་གིས་གྲ་སྒྲིག་བྱས་ཚར་ལ། ཡང་བསྐྱར་དྲག་ཤུགས་སྤྱོད་སྲིད་པ་དོར་མེད་ཅེས་ནན་བཤད་བྱས།

ཐི་ལིང་ཕུའུ་ཡིས་ཉིན་དེར་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། ཨ་རིས་དྲག་ཤུགས་སྤྱོད་མིན་དེ། ཨ་རི་དང་དབྱི་ལང་གིས་དབྱི་ལང་གི་ཉིང་རྡུལ་འཆར་གཞི་དང་ཧོ་ཨར་མུའུ་ཚི་མཚོ་འགག་བསྐྱར་དུ་སྒོ་འབྱེད་ཐུབ་མིན་སོགས་གྲོས་མཐུན་ཡི་གེ་དོན་ལྡན་ཞིག་ལ་མིང་རྟགས་འགོད་པར་རག་ལས་ཡོད་ཅེས་བཤད།

ཐི་ལིང་ཕུའུ་ཡིས་དུས་མཚུངས་སུ། གལ་ཏེ་དགོས་མཁོ་ཡོད་ན། ཁོས་སྔར་བཞིན་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་དགོས་པའི་བཀའ་ཕབ་རྒྱུ་ཡིན་ཞེས་བཤད། ཁོང་གིས་ཨ་རིའི་དམག་དཔུང་གིས་གྲ་སྒྲིག་ཡག་པོ་བྱས་ཟིན་པ་དང་། མིག་སྔར་དབུས་ཤར་ས་ཁུལ་དུ་མཁའ་འཕུར་གྲུ་གཟིངས3བཀོད་སྒྲིག་བྱས་ཡོད་པར་མ་ཟད། གློག་འདོན་བཟོ་གྲྭ་དང་ཟམ་པ་ཚུད་པའི་དབྱི་ལང་མངའ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དམིགས་འབེན་གཏན་ཁེལ་བྱས་ཚར་ཡོད་ཅེས་བཤད།

ཟླ2ཚེས28ཉིན་ཨ་རི་དང་དབྱི་སི་རལ་གྱིས་མཉམ་འབྲེལ་ཐོག་དབྱི་ལང་ལ་གཞི་ཁྱོན་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་བ་ནས་བཟུང་། ཐི་ལིང་ཕུའུ་ཡིས་དབྱི་ལང་གི་དམག་འཁྲུག་མཇུག་སྒྲིལ་བའི་འདོད་བློ་ལ་སྔ་ཕྱིའི་འགལ་བའི་གཏམ་བརྗོད་ཐེངས་མང་སྤེལ་བ་རེད། མིག་སྔར་ཨ་རི་དང་དབྱི་ལང་མཁྲེགས་བཟུང་གི་རྣམ་པར་གནས་ཡོད་པས། ཕྱི་འབྲེལ་གྱི་གནས་ཚུལ་ཧ་ཅང་ཉམ་ཐག་རེད།