
ཚེས4ཉིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་དོན། ཡོ་རོབ་མནའ་འབྲེལ་དང་ཝུའུ་ཁོ་ལན། འཇར་མན། ཧྥ་རན་སི། དབྱིན་ཇི། ཨ་རི། དེ་མིན་བྱང་ཆིངས་དང་འཛམ་གླིང་དངུལ་ཁང་བཅས་ཀྱི་འཐུས་མིས་ཚེས4ཉིན་པི་ལི་ཧྲི་ཡི་པུ་རུ་སེར་རུ་གྲོས་མོལ་བྱས་ཏེ། ཝུའུ་ཁོ་ལན་གྱི་དམག་འཁྲུག་རྗེས་ཀྱི་བསྐྱར་བསྐྲུན་དང་དཔལ་འབྱོར་དར་རྒྱས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།
གསལ་བསྒྲགས་ལས། ད་ཐེངས་ཀྱི་གྲོས་མོལ་དེ་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས་པ་དང་། དེའི་དམིགས་ཡུལ་ནི་ཝུའུ་ཁོ་ལན་ལ་རྒྱུན་མཐུད་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། གྲོས་མོལ་གྱིས་ཨ་རིའི་མའེ་ཨ་སྨིས་ནས་སྤེལ་བའི་འབྲེལ་ཡོད་གྲོས་བསྡུར་གྱི་རྒྱུན་བཟུང་བ་མ་ཟད། ཡོ་རོབ་མནའ་འབྲེལ་གྱིས་ད་ལོའི་ལོ་སྟོད་ལ་ཝུའུ་ཁོ་ལན་དང་ཨ་རི་དང་མཉམ་དུ་བཟོས་པའི“དར་རྒྱས་ཀྱི་སྒྲོམ་གཞི”ཞེས་པ་རྨང་གཞིར་བཟུང་ཡོད་པ་བསྟན།
གསལ་བསྒྲགས་ལས། ཉིན་དེ་དང་རྗེས་ཕྱོགས་ཀྱི་བྱ་བའི་གཙོ་གནད་ནི་ཝུའུ་ཁོ་ལན་གྱི་དམག་འཁྲུག་རྗེས་ཀྱི་དཔལ་འབྱོར་དར་རྒྱས་དང་འབྲེལ་བ་ཡོད་པའི་ཇུས་གཞི་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན་པ་དང་། དེའི་ཁྲོད་ཝུའུ་ཁོ་ལན་གྱི་མ་འོངས་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་དེའི་རང་བརྟེན་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྲིད་ཇུས་ཡོ་བྱད་དང་ཞིབ་ཕྲའི་བྱེད་ཐབས་ཞིབ་འཇུག་གཏན་འཁེལ་བྱ་རྒྱུའང་འདུ་ཞེས་བསྟན།
ས་དེའི་སྨྱན་སྦྱོར་གྱིས་གསར་འགྱུར་སྤེལ་དོན། ཨ་རིའི་འཐུས་མི“རྒྱང་ཞུགས”ཀྱི་ལམ་ནས་ཉིན་དེའི་གྲོས་མོལ་ནང་ཞུགས། རེས་སྐོར་གཉིས་པའི་གྲོས་མོལ་ཚེས5ཉིན་བྱང་ཆིངས་ཀྱི་སྤྱི་ཁྱབ་པུའུ་རུ་འཚོགས་རྒྱུ་གཏན་འཁེལ་བྱས་ཤིང་། གཙོ་བོ་ཝུའུ་ཁོ་ལན་ལ་དམིགས་པའི་བདེ་འཇགས་འགན་ལེན་ཐད་ནས་གྲོས་བསྡུར་བྱ་རྒྱུ་རེད། དེའི་ནང་ཞུགས་མཁན་ཨ་རི་དང་དབྱིན་ཇི། ཧྥ་རན་སི། འཇར་མན། བྱང་ཆིངས་བཅས་ཀྱི་འཐུས་མི་ཡོད་པ་རེད།
ཚེས3ཉིན། བྱང་ཆིངས་ཀྱི་མགྲིན་ཚབ་པ་ཨའེ་ལི་སེན·ཧ་ཐེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ར་སྤྲོད་བྱས་དོན། བྱང་ཆིངས་ཀྱི་འཐུས་མིས་གཟའ་འཁོར་འདིར་པུ་རུ་སེར་རུ་ཧྥ་རན་སི་དང་འཇར་མན། དབྱིན་ཇི། ཨ་རི་བཅས་ཀྱི་འཐུས་མི་དང་ཐུག་འཕྲད་བྱས་ཏེ། ཝུའུ་ཁོ་ལན་གྱི་དམག་འཁྲུག་ཇི་ལྟར་དྲང་བདེན་དང་རྒྱུན་རིང་བའི་སྒོ་ནས་མཇུག་སྒྲིལ་བར་སྐུལ་འདེད་གཏོང་བའི་ཐད་ནས་གྲོས་བསྡུར་བྱ་རྒྱུ་རེད།