འཇར་པན་གྱི་མང་ཚོགས་ཀྱིས་འདུ་ཚོགས་བྱས་ནས་ཀའོ་ཧྲི་སྲིད་དབང་གིས་དམག་དཔུང་རྒྱ་བསྐྱེད་དང་རྩ་ཁྲིམས་བཟོ་བཅོས་ལ་སྐུལ་འདེད་གཏོང་བར་ངོ་རྒོལ་བྱས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།


  ཟླ11པའི་ཚེས3ཉིན། འཇར་པན་གྱི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་རྩ་ཁྲིམས་དངོས་སུ་ཁྱབ་བསྒྲགས་བྱས་ནས་ལོ80འཁོར་བའི་ཉིན་མོར། འཇར་པན་གྱི་མང་ཚོགས་ཏུང་ཅིང་དུ་ཡོད་པའི་འཇར་པན་རྒྱལ་ཚོགས་ཀྱི་ཉེ་འགྲམ་དུ་འདུ་ཚོགས་བྱས་ནས། ཞི་བདེ་སྲུང་སྐྱོབ་བྱེད་པའི་རེ་འབོད་བྱས་པ་དང་། ཀའོ་ཧྲི་སྲིད་དབང་གིས་དམག་དཔུང་རྒྱ་བསྐྱེད་དང་རྩ་ཁྲིམས་བཟོ་བཅོས་སྐུལ་འདེད་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱས།

འདུ་ཚོགས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར།  འཇར་པན་ད་ལྟ་གོམ་པ་རེ་རེ་བཞིན་དམག་འཁྲུག་སློང་ཐུབ་པའི་ཕྱོགས་སུ་སྐྱོད་བཞིན་ཡོད། སྲིད་ཚོང་པ་ཁག་གཅིག་གིས་དམག་འཁྲུག་སློང་འདོད་དེ། འཇར་པན་གྱི་མང་ཚོགས་ཀྱིས་རྒྱལ་ཁབ་གཞན་དག་ལ་དགྲར་འཛིན་པར་ངན་སྐུལ་བྱེད་བཞིན་ཡོད། ངས་དེ་ལ་ངོ་རྒོལ་བྱེད་པ་ཡིན། ཀའོ་ཧྲི་ཡིས་རྩ་ཁྲིམས་བཟོ་བཅོས་བྱེད་པར་རྩ་བ་ནས་འཐད་པ་མིན།

འདུ་ཚོགས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར། མིག་སྔར་འཇར་པན་ནི་གོམ་པ་རེ་རེ་བཞིན་དམག་འཁྲུག་གི་ཕྱོགས་སུ་སྐྱོད་བཞིན་ཡོད། མི་ལ་ལ་ཞིག་གིས་ཉིང་རྡུལ་མེད་པའི་རྩ་དོན་གསུམ་འདོར་རྩིས་ཡོད། དེ་ནི་གནས་ལུགས་རྒྱུ་མཚན་གཏན་ནས་མེད་པ་ཞིག་རེད། ངས་འཕེལ་ཕྱོགས་འདི་རིགས་བཀག་འགོག་བྱེད་ཆེད་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན། 

 འདུ་ཚོགས་ལ་ཞུགས་མཁན་ཞིག་གིས་བཤད་རྒྱུར།  ངས་རྩ་ཁྲིམས་བཟོ་བཅོས་བྱེད་པར་ངོ་རྒོལ་བྱེད་པ་ཡིན། ངས་འཇར་པན་སླར་ཡང་དམག་འཁྲུག་སློང་མཁན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་དུ་འཇུག་མི་འདོད། ཀའོ་ཧྲི་སྲིད་དབང་གིས་དམག་དོན་སོགས་ཀྱི་ཐད་ཉེན་ཡོད་འགུལ་སྐྱོད་མངོན་པ་མ་ཟད། ནུས་ཤུགས་ཡོད་རྒུ་བཏོན་ནས་རྩ་ཁྲིམས་བཟོ་བཅོས་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་པས། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་གཏན་ནས་བྱེད་ཀྱིན་མེད། འདི་ནི་རྩ་བ་ནས་གཙོ་ཕལ་གོ་ལྡོག་གི་བྱ་སྤྱོད་ཅིག་རེད། 

    འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན། ཉིན་དེར། ཅིང་ཏུའུ་སོགས་ཀྱི་ས་ཆ་ནས་ཀྱང་རྩ་ཁྲིམས་བཟོ་བཅོས་བྱེད་པར་ངོ་རྒོལ་བྱེད་པའི་འདུ་ཚོགས་བྱེད་སྒོ་སྤེལ།

《འཇར་པན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནི1946ལོའི་ཟླ11པའི་ཚེས3ཉིན་ཁྱབ་བསྒྲགས་བྱས་པ་ཡིན། རྩ་ཁྲིམས་དེའི་དོན་ཚན་དགུ་བ་རུ། འཇར་པན་གྱིས་ནམ་ཡང་དམག་འཁྲུག་མི་སློང་བ་དང་། དྲག་ཤུགས་མི་སྤྱོད་ཅེས་གཏན་འབེབས་བྱས་ཡོད་པས། ཞི་བདེའི་རྩ་ཁྲིམས་ཀྱང་ཟེར་བཞིན་ཡོད། འདི་ནི་འཇར་པན་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ཡང་བསྐྱར་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཕྱིར་ལོག་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། འཇར་པན་གྱིས་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ཞི་བདེ་རིང་ལུགས་ཀྱི་ལམ་ཕྱོགས་ལག་བསྟར་བྱེད་པའི་བཅའ་ཁྲིམས་ཀྱི་རྨང་རྡོའང་ཡིན། འོན་ཀྱང་ཉེ་བའི་ལོ་ཤས་རིང་། འཇར་པན་སྲིད་གཞུང་གིས་སླར་ཡང་དམག་དོན་ཅན་དུ་འགྱུར་བའི་བྱ་སྤྱོད་རྒྱུན་མི་ཆད་པར་སྤེལ་ནས། ཕྱོགས་མང་པོའི་སྐྱོན་བརྗོད་ཐེབས་ཡོད།