ཐི་ལང་ཕུའུ་ཡིས་དབྱི་ལང་གི་དམག་འཁྲུག་གིས་སྤྱི་མཐུན་ཏང་གི་འདེམས་བསྐོའི་རྒྱལ་ཕམ་ལ་ཤུགས་རྐྱེན་བསྐྲུན་ཡོད་པ་ཁས་བླངས་ཀྱང་། ད་རུང་དེར་རིན་ཐང་ཡོད་པར་འདོད་ཅེས་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།
ཐི་ལང་ཕུའུ་ཡིས་དབྱི་ལང་གི་དམག་འཁྲུག་གིས་སྤྱི་མཐུན་ཏང་གི་འདེམས་བསྐོའི་རྒྱལ་ཕམ་ལ་ཤུགས་རྐྱེན་བསྐྲུན་ཡོད་པ་ཁས་བླངས་ཀྱང་། ད་རུང་དེར་རིན་ཐང་ཡོད་པར་འདོད་ཅེས་བསྟན།
ཚེས4ཉིན། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་དབྱི་ལང་གི་དམག་འཁྲུག་གིས་ཨ་རིའི་དུས་དཀྱིལ་འདེམས་བསྐོའི་ཁྲོད་སྤྱི་མཐུན་ཏང་གི་རྒྱལ་ཕམ་ལ་ཤུགས་རྐྱེན་བསྐྲུན་ཡོད་པ་ཁས་བླངས། དེ་དང་ཆབས་ཅིག་ཏུ། ཐེངས་འདིའི་དམག་འཁྲུག་དེ་བསླངས་བ་ནི་རིན་ཐང་ཡོད་པར་འདོད་ཅེས་བསྟན།
ཉིན་དེར། སྲིད་འཛིན་གཞོན་པ་ཝན་སིས་སྤྱི་མཐུན་ཏང་ལ་ཕམ་ཁ་བྱུང་བའི་རྒྱུ་རྐྱེན་ནི་དབྱི་ལང་གི་དམག་འཁྲུག་ཡིན་ཚུལ་གསར་འགོད་པར་བརྗོད་སྐབས་བཤད་རྒྱུར། ཐི་ལང་ཕུའུ་ཡིས། ངས་བལྟས་ན་དེ་ནི་ཚད་ཧ་ཅང་ཆེན་པོ་ཞིག་གི་ངོས་ནས་བཤད་ན་བདེན་པ་རེད། རྒྱུ་མཚན་ནི་དེས་དུས་ཡུན་ཐུང་ངུའི་ནང་དུ་རླངས་སྣུམ་གྱི་རིན་གོང་ཇེ་མཐོར་བཏང་ཡོད་ཅེས་བསྟན།
ཡིན་ནའང་། ཐི་ལང་ཕུའུ་ཡིས་ཆབས་ཅིག་ཏུ། གལ་ཏེ་ང་ལ་ཡང་བསྐྱར་གོ་སྐབས་ཤིག་ཡོད་ན། ངས་ད་རུང་དེ་ལྟར་བྱེད་རྒྱུ་ཡིན། དབྱི་ལང་ལ་ཉིང་རྡུལ་མཚོན་ཆ་ཡོད་དུ་འཇུག་མི་རུང་ཞེས་བསྟན།
ཨ་རིའི་གཙོ་རྒྱུན་སྨྱན་སྦྱོར་མང་པོས་ཚེས3ཉིན་སྤེལ་བའི་ཨ་རིའི་དུས་དཀྱིལ་འདེམས་བསྐོའི་ཁྲོད་དམངས་གཙོ་ཏང་གིས་རྣམ་པར་རྒྱལ་ནས་ཡང་བསྐྱར་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མ་དང་གྲོས་ཁང་ཞོལ་མའི་ཚོད་འཛིན་དབང་ཆ་ཚུར་འཕྲོག་ཚུལ་སྔོན་དཔག་བྱས། དེ་ལྟར་ཡིན་ནའང་། ཐི་ལང་ཕུའུ་ཡིས་དབྱི་ལང་གི་དམག་འཁྲུག་བསླངས་བ་ནི་སྔར་བཞིན་རིན་ཐང་ཡོད་པ་དང་། ང་ཚོས་ངེས་པར་དུ་དབྱི་ལང་ལ་འགུལ་སྐྱོད་སྤེལ་དགོས། དེས་མི་ཚད་ང་ཚོས་མུ་མཐུད་ནས་དེ་ལྟར་བྱ་རྒྱུ་ཡིན་ཞེས་བསྟན།

ཉིན་དེའི་སྔ་ཙམ་ལ། ཝན་སིས་སྤྱི་ཚོགས་འབྲེལ་གཏུག་སྨྱན་སྦྱོར་ཐོག་རྩོམ་ཡིག་རིང་པོ་ཞིག་སྤེལ་ཏེ། སྤྱི་མཐུན་ཏང་ལ་ཕམ་ཁ་བྱུང་བའི་རྒྱུ་རྐྱེན་ངོ་མ་ནི་ཕལ་ཆེར་ཚང་མས་ཤེས་གསལ་ལྟར་རེད། དེ་ནི་ཐེངས་འདིའི་དམག་འཁྲུག་འདི་རེད། གལ་ཏེ་ཁྱོད་ཀྱིས་འདི་ནི་རིན་ཐང་ཡོད་པ་རེད་ཟེར་བ་དང་། མ་འོངས་པའི་ལོ་དྲུག་རིང་གི་གྲོས་ཁང་གོང་མའི་ཚོད་འཛིན་དབང་ཆ་ཤོར་ནའང་རིན་ཐང་ཡོད་པ་རེད་ཅེས་ཤོད་རེས་བྱེད་འདོད་ན་དེ་ལྟར་བྱོས་ཞེས་བསྟན།

ཚེ་རིང་དངོས་གྲུབ་ཀྱིས་བསྒྱུར།