
ཚེས4ཉིན། ཡེ་མེན་ཧུའུ་སའེ་དྲག་ཆས་དམག་དཔུང་གིས་རྩ་འཛུགས་དེ་གས་མདེལ་ལམ་འཕུར་མདའ་དང་མི་མེད་གནམ་གྲུ་སྤྱད་ནས་སོ་ཏི་ཨ་རབ་ཀྱི་ལི་ཡ་ཏེ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་། དེ་མིན་སོ་ཏི་ཨ་རབ་ཀྱི་ཡེ་མེན་མཐའ་མཚམས་དང་ཐག་ཉེ་བའི་དམག་དོན་སྒྲིག་བཀོད་མང་པོར་འཇབ་རྒོལ་བྱས་པ་བསྟན།
ས་ལེ་ཡ་ཡིས་རྩ་འཛུགས་དེས་ཚེས4ཉིན་གྱི་སྔ་དྲོར་ད་དུང་སོ་ཏི་ཨ་རབ་ཀྱི་ལྷོ་ནུབ་རྒྱུད་ཀྱི་མཐའ་མཚམས་ས་ཁུལ་གྱི་ལེ་ཏའི་སྒྲིག་བཀོད་དང་དམག་དོན་རྟེན་གཞི། མཐའ་སྲུང་དམག་དཔུང་གི་བཀོད་འདོམས་ཚོད་འཛིན་སྒྲིག་བཀོད་སོགས་ཀྱི་དམིགས་འབེན་ལ་འཇབ་རྒོལ་ཐེངས་གསུམ་བྱས་ཏེ། སོ་ཏི་ཨ་རབ་ཀྱི་དམག་དཔོན་དང་དམག་མི་ཁ་ཤས་ལ་ཤི་རྨས་བྱུང་ཡོད་པ་བསྟན།
ས་ལེ་ཡ་ཡིས་ད་དུང་ཧུའུ་སའེ་དྲག་ཆས་དམག་དཔུང་གིས་ཉིན་དེར་ཡེ་མེན་བྱང་རྒྱུད་ཀྱི་ཅའོ་ཧྥུའུ་ཞིང་ཆེན་གྱི་སྲིད་གཞུང་དམག་གི་གཅིག་སྡུད་ས་ཁུལ་ལ་མདེལ་ལམ་འཕུར་མདའ6འཕངས་ནས་སྲིད་གཞུང་དམག་གི་དམག་མི་ལ་ཤི་རྨས་བྱུང་བ་བསྟན།
ཉེ་ཆར། སོ་ཏི་ཨ་རབ་དང་ཧུའུ་སའེ་དྲག་ཆས་དམག་དཔུང་བར་གྱི་འཇབ་རྒོལ་བྱེད་ཤུགས་ཆེ་རུ་ཕྱིན། དེ་དང་ཆབས་ཅིག ཧུའུ་སའེ་དྲག་ཆས་དམག་དཔུང་དང་སོ་ཏི་ཨ་རབ་ཀྱིས་རྒྱབ་སྐྱོར་བྱས་པའི་ཡེ་མེན་སྲིད་གཞུང་དམག་གི་གཡུལ་ས་མང་པོའི་འཐབ་་འཁྲུག་ཀྱང་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་འདུག