
ཝུའུ་ཁོ་ལན་གྱི་ཙུང་ལི་གཞོན་པ་དང་པོ་དང་ནུས་ཁུངས་པུའུ་ཀྲང་གཉིས་ཀྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧྲེ་མའེ་ཅ་འར་གྱིས་ཚེས3ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་དོན། ཁོས་ཚེས3ཉིན་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དང་ཡོ་རོབ་མནའ་འབྲེལ། དེ་མིན་ཡོ་རོབ་བྱང་མ་དང་པོ་ལུའོ་ཏི་ཧའེ་རྒྱ་མཚོའི་རྒྱལ་ཁབ་བཅས་ཀྱི་ཝུའུ་ཁོ་ལན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་དང་ཐུགས་འཕྲད་བྱས་ཏེ། ཕྱོགས་སོ་སོས་ཨུ་རུ་སུས་གཞི་ཁྱོན་ཆེ་བའི་ནུས་ཁུངས་འཇབ་རྒོལ་བྱས་པ་དང་སྒོས་སུ་ཝུའུ་ཁོ་ལན་གྱི་ཉིང་རྡུལ་གློག་དང་འབྲེལ་ཡོད་སྒྲིག་བཀོད་ཀྱི་འཇབ་རྒོལ་རིམ་སྤོར་བྱས་པར་ཕྱིར་ལན་བསློག་དགོས་པའི་འབོད་སྐུལ་བཏང་།
ཧྲེ་མའེ་ཅ་འར་གྱིས་བསྟན་དོན། ཚེས2ཉིན་གྱི་དགོང་མོ་ནས་ཚེས3ཉིན་གྱི་ཐོ་རེངས་བར། ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁོ་ལན་གྱི་མངའ་ཁོངས་ལ་མི་མེད་གནམ་གྲུ289དང་། མདེལ་ལམ་འཕུར་མདའ17། སྐོར་སྐྱོད་འཕུར་མདའ59བཅས་འཕེན་གཏོང་བྱས། དེའི་དམིགས་འབེན་གཙོ་བོ་ནི་ཝུའུ་ཁོ་ལན་གྱི་གློག་ཤུགས་སྒྲིག་བཀོད་ཡིན་པ་དང་། དེའི་ཁྲོད་གློག་འདོན་བཟོ་གྲྭ་དང་གློག་འདྲེན་ས་ཚིགས། གློག་སྦྱོར་ས་ཚིགས་སོགས་ཚུད་ཡོད། ཨུ་རུ་སུའི་དམག་དཔུང་གིས་ད་དུང་ཧོ་མེ་ལི་ཉི་ཚི་ཅི་ཉིང་རྡུལ་ས་ཚིགས་ལ་ཞབས་ཞུ་མཁོ་འདོན་བྱེད་པའི་གློག་སྒྱུར་ས་ཚིགས་ལ་མི་མེད་གནམ་གྲུ3འཕེན་གཏོང་བྱས། ཁོས་ཝུའུ་ཁོ་ལན་ཕྱོགས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་བརྡ་ཁྱབ་བཏང་ནས་རྒྱལ་སྤྱིའི་རོགས་ཟླས་དེ་མཐུན་གྱི་ཕྱིར་ལན་བསློག་པའི་རེ་བ་ཡོད་ཅེས་བརྗོད།
ཝུའུ་ཁོ་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་ཚེས3ཉིན་གྱི་སྔ་དྲོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་དོན། ཨའོ་ཏེ་ས་མངའ་སྡེ་དང་། ཧ་འར་ཁོ་ཧྥུ་མངའ་སྡེ། ཏི་ཉེ་པའོ་ལུའོ་པི་ཏེ་ལུའོ་ཧྥུའུ་སི་ཁེ་མངའ་སྡེ། ལུའོ་ཧྥུའུ་ནུའོ་མངའ་སྡེ་བཅས་ཚུད་པའི་མངའ་སྡེ9ཡི་གློག་འདོན་སྒྲིག་བཀོད་དང་གློག་སྒྱུར་ས་ཚིགས་ལ་འཇབ་རྒོལ་ཐེབས་པས་ས་ཆ་མང་པོར་གློག་ཆད་པའི་གནས་ཚུལ་བྱུང་།
ཅི་ཧྥུའུ་གྲོང་ཁྱེར་གྱི་འགོ་གཙོ་ཁེ་ལི་ཆི་ཁེ་ཡིས་ཚེས3ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་དོན། ཅི་ཧྥུའུ་གྲོང་ཁྱེར་གྱི་གློག་ཤུགས་མཁོ་འདོན་གྱི་གནས་ཚུལ་ཧ་ཅང་ཛ་དྲག་ཆེ་བ་དང་། ཉིན་ཤས་རིང་བསྟུད་མར་འཇབ་རྒོལ་བྱས་པར་བརྟེན་ཅི་ཧྥུའུ་གྲོང་ཁྱེར་དུ་གློག་མཁོ་འདོན་བྱེད་སའི་ཅི་ཧྥུའུ་མངའ་སྡེ་ཡི་ནུས་ཁུངས་ལྟེ་གནས་ལ་གཏོར་སྐྱོན་ཕོག ཚེས3ཉིན་གྱི་སྔ་དྲོར་ཅི་ཧྥུའུ་གྲོང་ཁྱེར་གྱིས་གློ་བར་ཏུ་གློག་གཏོང་མཚམས་བཞག་པས་ཆུ་མཁོ་འདོན་དང་སྤྱི་པའི་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཐེབས། གློག་ཆད་པ་ལས་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ས་ཁོངས་སུ་སྲིད་གཞུང་གིས་འཕྲལ་བསྟུན་ཞབས་ཞུའི་ས་ཚིགས་བཙུགས་ནས་གྲོང་མིའི་དྲོད་ལེན་དང་གློག་གསོག་དགོས་མཁོ་བསྐངས་པ་རེད།