ཙི་ལན་སི་ཅི་ཡིས་ཝུའུ་ཁི་ལན་དང་ཐུར་ཁེ་ཡིས་ཧེ་ཧའེ་རྒྱ་མཚོའི་འབྲུ་རིགས་བར་ཁྱམས་བསྐྲུན་རྒྱུར་གཞོལ་རྒྱུ་ཡིན་ཟེར།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལན་སི་ཅི་ཡིས་ཟླ10པའི་ཚེས31ཉིན་ཐུར་ཁེའི་དབྱི་སི་ཐན་པུའུ་འར་ནས་བཤད་རྒྱུར།  ཝུའུ་ཁི་ལན་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཧེ་ཧའེ་རྒྱ་མཚོའི་འབྲུ་རིགས་བར་ཁྱམས་འཛུགས་སྐྲུན་བྱེད་རྒྱུར་གཞོལ་ནས། དེ་གནས་ཐུབ་པ་མ་ཟད་འཁོར་སྐྱོད་ནུས་ལྡན་བྱེད་ཐུབ་པར་ཁག་ཐེག་བྱ་རྒྱུ་ཡིན་ཟེར།

ཙི་ལན་སི་ཅི་ཡིས་ཐུར་ཁེའི་སྲིད་འཛིན་ཨའེ་འར་ཏའོ་ཨན་དང་ཐུག་འཕྲད་གྲོས་མོལ་བྱས་རྗེས་ཚོགས་པའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་དེ་འདྲའི་རྣམ་འགྱུར་བསྟན། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་དུང་ཟླ11པའི་ཟླ་སྟོད་དུ་འཚོག་འཆར་ཡོད་པའི་ཝུའུ་ཁི་ལན་དང་ཨ་རི། ཨུ་རུ་སུ་བཅས་ཀྱི་ཕྱོགས་གསུམ་གྲོས་མོལ་ལ་གྲོས་བསྡུར་བྱས་པ་དང་། དེའི་ཁྲོད་ཐུར་ཁེ་དང་ཡོ་རོབ་གླིང་དེ་གྲོས་མོལ་གྱི་འཕེལ་རིམ་ནང་འཇོག་རྒྱུ་དང་། ཐུར་ཁེ་རུ་གྲོས་མོལ་བྱེད་སྲིད་པའི་རང་བཞིན་བཅས་འདུ། ཉིན་དེའི་ཐུག་འཕྲད་གྲོས་མོལ་དེ་ད་དུང་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་རྨང་གཞིའི་སྒྲིག་བཀོད། བཟོ་ལས་ཁྱབ་ཁོངས་ཀྱི་མཉམ་ལས་སོགས་དང་འབྲེལ་བ་ཡོད།

ཙི་ལན་སི་ཅི་ཡིས་ཉིན་དེར་ད་དུང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། ཁོ་དང་ཨའེ་འར་ཏའོ་ཨན་གྱི་ཐུག་འཕྲད་གྲོས་མོལ་དེ“གལ་ཆེ་ཞིང་ཞིབ་ཕྲ”ཡིན་པ་དང་། ནང་དོན་མང་ཆེ་བ་ཧེ་ཧའེ་རྒྱ་མཚོའི་གྲོས་དོན་ལ་དམིགས་ནས་སྤེལ་ཡིན་ལ། དེའི་ནང་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་འདུ་བ་བསྟན། གཞན་ཡང་རྒྱལ་ཁབ་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་ཆོད་ལ་ནུས་པ་ཐོན་ནས། ཕྱོགས་གཉིས་ཀྱི་ཁེ་ལས་ལ་གོ་སྐབས་གསར་པ་འཁྱེར་ཡོང་ངེས།

ཨའེ་འར་ཏའོ་ཨན་གྱིས་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་དེ་ཧེ་ཧའེ་རྒྱ་མཚོར་མཆེད་བཞིན་ཡོད་པས། དམངས་སྤྱོད་གྲུ་གཟིངས་ལ་ཁ་གཏད་པའི་འཇབ་རྒོལ་དང་ལེན་བྱེད་མི་ཐུབ་ཟེར། ཁོས་འབྲེལ་ཡོད་ཕྱོགས་སོ་སོས་འགན་འཁྲི་འཁུར་དགོས་པའི་འབོད་སྐུལ་བཏང་།

ཝུའུ་ཁི་ལན་ནི་མ་རྨོས་ལོ་ཏོག་དང་གྲོའི་ཕྱིར་གཏོང་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། འབྲུ་རིགས་ཕྱིར་གཏོང་ཐད་ནས་གཙོ་བོར་ཧེ་ཧའེ་རྒྱ་མཚོའི་གྲུ་ཁར་བརྟེན་དགོས། ཉེ་བའི་ཟླ་འགའི་རིང་། ཝུའུ་ཁི་ལན་དང་ཨུ་རུ་སུས་ཧེ་ཧའེ་རྒྱ་མཚོའི་སྟེང་ཕན་ཚུན་ལ་འཇབ་རྒོལ་ཐེངས་མང་བྱས། ཨུ་རུ་སུའི་གསར་འགྱུར་ཁང་གིས་ཟླ9པར་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་ཞིང་ལས་སྲིད་ཇུས་དང་འབྲུ་རིགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། གྲུ་ཁ་བཀག་སྡོམ་བྱས་པའི་དབང་གིས་ཝུའུ་ཁི་ལན་གྱིས་གནས་སྐབས་སུ་ཧེ་ཧའེ་རྒྱ་མཚོ་བརྒྱུད་དེ་འབྲུ་རིགས་ཕྱིར་གཏོང་བྱེད་མཚམས་བཞག་ཡོད།