
དབྱི་སི་རལ་གྱི་འཕྲིན་ལམ12པའི་བརྙན་འཕྲིན་ཁང་གིས་ཚེས21ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་དང་བར་སྣང་སྣུམ་སྣོན་གནམ་གྲུ་བཅུ་ལྷག་གཟའ་འཁོར་འདིའི་སྔ་ཤོས་ཙམ་ནས་སི་རི་ཡ་དང་དབྱི་རག་མངའ་ཁོངས་ཀྱི་བར་སྣང་དུ་འཕུར་བ་དང་། དབྱི་ལང་གི་མཐའ་མཚམས་སུ་བཅར་རྗེས་ཕྱིར་ལོག་ཟེར།
གསར་འགྱུར་ཁྲོད་ཨ་རིའི་མཐོ་རིམ་དཔོན་རིགས་གཉིས་ཀྱི་གཏམ་དྲངས་ཏེ་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ནི་ཚེས19ཉིན་གྱི་དགོང་མོ་ནས་ཚེས20ཉིན་གྱི་ཐོ་རེངས་བར་དུ་བྱུང་བ་ཡིན་ལ། དབྱི་སི་རལ་དམག་ཕྱོགས་ཀྱི་འཐབ་འཛིང་གནམ་གྲུ་ཡིས་དབྱི་ལིང་ལ་རྒོལ་རྡུང་གཏོང་བའི་རུ་དཔུང་སྒྲིག་སྟངས་དང་འཕུར་བསྐྱོད་ལམ་ཐིག་ལྟར་འགུལ་སྐྱོད་བྱས་ཟེར།
གསར་འགྱུར་ཁྲོད་བཤད་རྒྱུར། དབྱི་སི་རལ་གྱིས་སྔོན་ལ་ཨ་རིའི་ཕྱོགས་ལ་ཐེངས་འདིའི་འགུལ་སྐྱོད་ཀྱི་བརྡ་ཁྱབ་བཏང་བར་མ་ཟད། དབྱི་ལང་ལ་འཇིགས་སྐུལ་བྱེད་པ་དང་དབྱི་སི་རལ་གྱི་དམག་འཐབ་ནུས་པ་ངོམས་པའི་དམག་སྦྱོང་ཞིག་ཡིན་པར་ཞིབ་བརྗོད་བྱས། ཨ་རིའི་དཔོན་རིགས་ཀྱིས་དབྱི་སི་རལ་གྱིས་དབྱི་ལིང་མཁའ་ཟོན་མ་ལག་གིས་དབྱི་སི་རལ་འཐབ་འཛིང་གནམ་གྲུར་མེ་མདའ་འཕེན་པར་གཡོ་བསླུ་བྱས་པ་ཡིན་སྲིད་ལ། དེར་བརྟེན་ནས་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་བར་ཁ་གཡར་འཚོལ་ཐབས་བཞིན་པར་ངོས་འཛིན་བྱས།
དབྱི་སི་རལ་གྱི་དཔོན་རིགས་ཀྱིས་མིག་སྔའི་བར་དུ་དེའི་སྐོར་ལ་དཔྱད་བརྗོད་ཅི་ཡང་མ་སྤེལ།
ཨ་རིའི་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱིས་ཚེས19ཉིན། གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་དབྱི་སི་རལ་གྱི་མི་ལ་བརྟེན་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧོ་ཀེ་སའེ་སི་ཡིས་ཉིན་དེར་དབྱི་སི་རལ་ལ་འཚམ་འདྲི་བྱས་པ་དང་། ཙུང་ལི་ནེ་ཉི་ཡ་ཧུའུ་དང་ཐུག་འཕྲད་བྱས།
ད་ལྟའི་ཆར། དབྱི་སི་རལ་དང་དབྱི་ལང་བར་གྱི་ཛ་དྲག་གི་རྣམ་པ་མུ་མཐུད་དུ་རིམ་འཕར་བྱེད་བཞིན་ཡོད་ལ། དབྱི་སིར་རལ་གྱིས་ཟླ10པའི་ཚེས27ཉིན་གྱི་གྲོས་ཚོགས་འདེམས་བསྐོ་ལ་ཉིན་དྲུག་ལས་མེད། ནེ་ཉི་ཡ་ཧུའུ་ཡིས་ཚེས21ཉིན་གྱི་སྔ་ཤོས་ཙམ་ལ་བསྟན་དོན། དབྱི་ལང་སྲིད་གཞུང་མགོ་རྟིང་སློག་ན་ད་གཟོད་དབྱི་ལང་གིས་དབྱི་སི་རལ་ལ་བཟོས་པའི་འཇིགས་སྐུལ་རྩ་བ་ནས་མེད་པར་གཏོང་ཐུབ་ཟེར།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།