
ཨ་རིའི་ནོར་སྲིད་པུའུ་ཡིས་ཚེས21ཉིན་སྤྱི་བསྒྲགས་སྤེལ་ནས་བསྟན་དོན། མི་སྒེར་དང་དངོས་ཚན་མང་པོ་ཞིག“དམིགས་བསལ་གཏན་འཁེལ་བྱས་པའི་རྒྱལ་དམངས་རྩིས་ཐོའི”ནང་བཅུག་ནས་བཀག་སྡོམ་བྱས་པའི་རྒྱུ་མཚན་ནི། ཁོ་ཚོས་དབྱི་ལང་གི་ཚོང་ཟོག་འབོར་ཆེན་སྦས་སྐུང་དང་སྐྱེལ་འདྲེན་བྱེད་པར་རོགས་རམ་བྱས་པའི་རྐྱེན་གྱིས་ཡིན།
ཨ་རིའི་ནོར་སྲིད་པུའུ་ཡིས་པ་ན་མ་དང་ཀེ་རི་སེ་རུ་གཉེར་སྐྱོང་བྱས་པའི་ཁྲིམས་རྩོད་པའི་ལས་དོན་ཁང་ཞིག་གིས་མི་སྒེར་རམ་ཡང་ན་ཁེ་ལས་ཁག་ཅིག་ལ“ཀུང་སི་སྟོང་བ”བཙུགས་པར་སྐྱོན་འཛུགས་བྱས་ནས། ཁོ་ཚོའི་ཉོ་ཚོང་ལ་བཀག་སྡོམ་ཐེབས་པའི་དབྱི་ལང་གི་ཚོང་ཟོག་ལ་སྟབས་བདེ་བསྐྲུན་ཆེད། ཨ་རིའི་ནོར་སྲིད་པུའུ་ཡིས་ཁྲིམས་རྩོད་པའི་ལས་དོན་ཁང་དེར་བཀག་སྡོམ་བྱས། དེ་དང་ཆབས་ཅིག་བཀག་སྡོམ་ཕོག་མཁན་གསུམ་ནི་སོ་སོར་པ་ན་མ་དང་། སིང་ཀ་ཕོར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱི་གྲུ་གཟིངས་སྐྱེལ་འདྲེན་ལམ་ཡང་ན་གྲུ་གཟིངས་སྐྱེལ་འདྲེན་ལས་ཚབ་ཀུང་སི་རེད།
དེ་དང་མཉམ་དུ། པ་ན་མ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་དར་བཀལ་བའི་གྲུ་གཟིངས་དགུ་ལ་བཀག་སྡོམ་ཐེབས་པ་དང་། གོང་གསལ་ཁྲིམས་རྩོད་པའི་ལས་དོན་དང་འབྲེལ་བ་ཡོད་པའི་མི་སྒེར་ལྔ་ལའང་བཀག་སྡོམ་ཐེབས། ཨ་རིའི་ནོར་སྲིད་པུའུ་ཡི་ཕྱི་རྒྱལ་རྒྱུ་ནོར་ཚོད་འཛིན་གཞུང་སྒྲུབ་ཁང་གིས་དུས་མཚུངས་སུ་སྤྱིར་བཏང་གི་ཆོག་འཐུས་ཁག་གཉིས་ཁྱབ་བསྒྲགས་བྱས་པ་དང་། འབྲེལ་ཡོད་ཕྱོགས་ཀྱིས་བཀག་སྡོམ་བྱ་ཡུལ་དང་ཉོ་འཚོང་བྱེད་པའི་དུས་ཚོད་རིམ་བཞིན་མཇུག་སྒྲིལ་ལ། འབྲེལ་ཡོད་ཉོ་ཚོང་ངེས་པར་དུ་ཨ་རི་ཤར་རྒྱུད་ཀྱི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔོན་དུ་མཇུག་སྒྲིལ་རྒྱུ་རེད།
ཨ་རིའི་ནོར་སྲིད་པུའུ་ཡིས་ད་དུང་བཤད་རྒྱུར། དེའི་ཁོངས་གཏོགས་ཀྱི་དངུལ་རྩའི་ཉེས་གསོག་ཁྲིམས་འཛིན་དྲ་རྒྱ་དེ་ཡོ་རོབ་ཀྱི་མཉམ་ལས་གྲོགས་པོ་དང་མཉམ་ལས་དམ་ཟབ་བྱས་ནས། དབྱི་ལང་དང་དེའི་ལས་ཚབ་བར་གྱི་མི་མངོན་པའི་འབྲེལ་བ་ཡོད་པའི་ཀེ་རི་སེའི་དངུལ་ཁང་ལ་བརྟག་དཔྱད་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཨ་རིའི་ཟླ8པའི་ཚེས24ཉིན་དབྱི་ལིང་ལ་རེས་སྐོར་གསར་པའི་བཀག་སྡོམ་བྱེད་ཐབས་བཏོན་པ་དང་། ཉིན་དེ་ནས་བཟུང་དབྱི་ལང་གི་དཔལ་འབྱོར་བཀག་སྡོམ་ཁྱབ་ཁོངས་དེ་མཁའ་འགྲུལ་དང་། གྲངས་འཛིན་རྒྱུ་ནོར། གསེར། མཚོ་ཐོག་སྐྱེལ་འདྲེན། ལག་རྩལ་ལས་རིགས་སོགས་ཁྱབ་ཁོངས་ལྔ་བར་རྒྱ་ཆེར་བཏང་།