
ཧྥ་རན་སེ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་རན་སེའི་མི་དམངས་ཁག་ཅིག་གིས་ཚེས་༢༤ཉིན་ཡང་བསྐྱར་གཞི་ཁྱོན་ཆེ་བའི་ངོ་རྒོལ་བྱེད་སྒོ་སྤེལ་རྩིས་འདུག ཧྥ་རན་སེའི་ནང་སྲིད་པུའུ་ཀྲང་ནུའུ་ནེ་ཚི་ཡིས་ཚེས་༢༠ཉིན་བསྟན་དོན། ངོ་རྒོལ་བྱེད་སྒོ་ལས་དྲག་སྤྱོད་དོན་རྐྱེན་སློང་སྲིད་པ་དེར་ཁ་གཏད་གཅོག་ཆེད་ཧྥ་རན་སེའི་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་ཉེན་རྟོག་པ་དང་དམག་མི་རྣམས་ལ་རོགས་སྐྱོར་བྱ་རྒྱུ་རེད། ནུའུ་ནེ་ཚི་ཡིས་བཤད་རྒྱུར། ཧྥ་རན་སེའི་སྲིད་གཞུང་གིས་རྔམ་སྟོན་ཁྲོམ་སྐོར་ཁག་ཅིག་བཀག་འགོག་བྱེད་རྒྱུར་ཡང་བསམ་བློ་གཏོང་བཞིན་ཡོད།
གཞན་ཡང་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཕོར་ཐུ་གལ་དང་དབྱི་ཐ་ལི། ཨར་པ་ནི་ཡ་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་ཏུའང་འཚོ་བའི་འགྲོ་གྲོན་མཐོ་པོ་ཆགས་པར་བརྟེན་ནས་ཉེ་ཆར་ངོ་རྒོལ་བྱེད་སྒོ་བྱུང་ཞིང་། དེའི་ཁྲོད་དུ་འཁྲུག་རྩོད་དྲག་པོ་མང་དུ་བྱུང་།