སྐབས་བཅུ་དགུ་བའི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོང་གཏམ་གྲོས་ཚོགས་མི་འགྱངས་པར་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

གསར་འགོད་པས་ཚེས12ཉིན་ཀྲུང་གོའི་རྒྱལ་སྤྱིའི་ཚོང་ཚོགས་ནས་རྒྱུས་ལོན་པ་ལྟར་ན། སྐབས་བཅུ་དགུ་བའི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དངུལ་གཏོང་ཉོ་ཚོང་ཚན་རྩལ་མཉམ་ལས་ཚོང་གཏམ་གྲོས་ཚོགས་དེ་ཟླ10བའི་ཚེས21ཉིན་ནས་ཚེས23ཉིན་བར་ཁྲིན་ཏུའུ་ནས་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་ཁེ་ལས་ཀྱི་བརྗེ་རེས་མཉམ་ལས་ཀྱི་ཆེད་དུ་སྟེགས་བུ་བསྐྲུན་རྒྱུ་རེད།

སྐབས་འདིའི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོང་གཏམ་གྲོས་ཚོགས་ནི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་ཚོགས་དང་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་ཚོང་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱེད་རྒྱུ་ཡིན་པ་དང་། གྲོས་མོལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་བརྗོད་སྙིང་དུ་བྱས་ཡོད། ཚོགས་ཆེན་ནས་ཚོགས་མགོ་རྩོམ་པའི་མཛད་སྒོ་དང་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་དང་། བརྗོད་དོན་བརྗེ་རེས་བྱ་འགུལ་ཐེངས་བཅུ་བཞི། ཁེ་ལས་བར་གྱི་སྡེབ་སྒྲིག་ཚོང་གཏམ་ཐེངས་གཉིས་བཅས་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ནུས་ཁུངས་གསར་བ་དང་ཁོར་སྲུང་། སྐྱེ་དངོས་སྨན་རྫས། ཞིང་ལས་ཟས་རིགས། རིག་ནུས་འཕྲུལ་མི། མདུན་གྲལ་ལག་རྩལ། ལས་རིགས་སློབ་གསོ། ཚོང་དོན་བཅའ་ཁྲིམས་ཞབས་ཞུ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་གོ་སྐབས་གསར་བ་དང་བར་སྟོང་གསར་བ་རྒྱ་བསྐྱེད་རྒྱུ་རེད།

ཀྲུང་གོའི་རྒྱལ་སྤྱིའི་ཚོང་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏང་ཧོང་གིས་བཤད་རྒྱུར། སི་ཕན་དང་ཕུའུ་ཐའོ་ཡཱ། ཧྥ་རན་སི། དབྱིན་ཇི། སུའེ་ཙེར། ཕའོ་ལན་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་ཁེ་ལས་ཀྱི་འཐུས་ཚབ་ཚོགས་པ་གྲོས་ཚོགས་ལ་ཞུགས་པར་ཁས་ལེན་བྱས་ཡོད་ལ། ཚོགས་ཞུགས་རྒྱལ་ཁབ20ལྷག་ཡོད། ཡུལ་དངོས་སུ་ད་རུང་ཀྲུང་གོ་དང་ཡོ་རོབ་གླིང་གི་ཁེ་ལས་སུམ་བརྒྱ་ལྷག་གི་བར་སྤེལ་བའི་གཅིག་གཏད་གཅིག་གི་ཚོང་གཏམ་གྲོས་ཚོགས་རྩ་འཛུགས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་ཐོན་ལས་མུ་ཕྲེང་དང་གསར་གཏོད་མུ་ཕྲེང་། རིན་ཐང་མུ་ཕྲེང་བཅས་ཀྱི་ཐད་ནས་མཉམ་འདྲེས་གཏིང་ཟབ་དང་མཉམ་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོང་གཏམ་གྲོས་ཚོགས་དེ2002ལོ་ནས་ད་ལྟའི་བར་སྐབས་བཅོ་བརྒྱད་སྤེལ་བ་དང་། རིམ་རྩིས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་ཁེ་ལས་ཆིག་ཁྲི་ཉིས་སྟོང་ལྷག་ཚོགས་འདུར་ཞུགས་ཏེ། མཉམ་ལས་གྲོས་མཐུན་སྟོང་གསུམ་དང་སུམ་བརྒྱ་ལྷག་བཀོད་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཞུགས་པ་ཆེས་མང་ཞིང་། ཡོ་རོབ་གླིང་གི་ཁེ་ལས་རྒྱ་ཆེར་ཞུགས་པ། ཀྲུང་གོ་དང་ཡོ་རོབ་གླིང་གི་བརྗེ་རེས་གཞི་རྒྱ་ཆེས་ཆེ་བའི་དངུལ་གཏོང་ཉོ་ཚོང་དང་གསར་གཏོད་མཉམ་ལས་ཀྱི་སྟེགས་བུ་ཞིག་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།