སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏིའི་གནམ་གྲུ་ཐང་ལ་འཇབ་རྒོལ་ཕོག་ནས་མི12རྐྱེན་ལམ་དུ་ཤོར་ཞིང་མི309རྨས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཚེས11ཉིན་གྱི་ཐོ་རེངས་སྐབས་སུ། སོ་ཏི་ཨ་རབ་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཀྱིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ས་ལི་ཡ་ཏི་རུ་ཡོད་པའི་རྒྱལ་པོ་ཧ་ལིས་ཏི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་ཚེས10ཉིན་འཇབ་རྒོལ་ཕོག་ནས། མི12རྐྱེན་ལམ་དུ་ཤོར་བ་དང་མི309ལ་རྨས་སྐྱོན་ཕོག་ཡོད་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། འདས་པོའི་གྲས་སུ་སོ་ཏི་ཨ་རབ་པ4དང་བྷང་ག་ལའི་མི2ཡོད་པ་དང་། དེའི་འཕྲོ་ཡི་མི6ནི་ཨ་མེ་རི་ཁ་དང་ཨེ་ཅིབ། ཅོར་ཏན། སི་རི་ཡ། ཕ་ལེ་སི་ཐན། སུའུ་ཏན་བཅས་ནས་རེད་ཟེར།  

གསལ་བསྒྲགས་ནང་བཤད་རྒྱུར། རྨས་མ་རྣམས་ཀྱིས་མིག་སྔར་ས་གནས་དེ་གའི་སྨན་ཁང་མང་པོའི་ནང་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ལ། འཇབ་རྒོལ་གྱིས་བཟོས་པའི་རྒྱུ་ནོར་གྱི་གྱོང་གུད་གནས་ཚུལ་ལ་དཔྱད་འཇོག་བྱེད་བཞིན་ཡོད་ཟེར།

ཚེས10ཉིན། སོ་ཏི་ཨ་རབ་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཀྱིས་གསལ་བསྒྲགས་སྤེལ་ཏེ་བཤད་རྒྱུར། རྒྱལ་པོ་ཧ་ལིས་ཏི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་ཉིན་དེའི་ཕྱི་དྲོར་འཇབ་རྒོལ་ཕོག་ནས། གནམ་གྲུ་ཐང་གི་ལས་གཉེར་བྱེད་མཚམས་བཞག་ཡོད། སོ་ཏི་ཨ་རབ་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། གྱོང་གུན་ལ་དཔྱད་འཇོག་དང་སྒྲིག་བཀོད་བདེ་འཇགས་གཏན་འཁེལ་བྱས་རྗེས། གནམ་གྲུ་ཐང་གི་གཉེར་སྐྱོང་སླར་གསོ་བྱེད་རྒྱུ་ཡིན་ཟེར།  

གཞན་ཡང་སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མགྲིན་ཚབ་པ་ཐུའུ་ཨར་ཅི·མ་ལི་ཅི་ཡིས་ཚེས11ཉིན་གྱི་ཐོ་རེངས་སྐབས་སུ། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། མཉམ་འབྲེལ་དམག་གིས་ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱིས་ལི་ཡ་ཏིའི་ཤར་ལྷོའི་ཕྱོགས་སུ་གནས་པའི་ཧའེ་ཨར་ཅི་གྲོང་ཁྱེར་དུ་འཕེན་གཏོང་བྱས་པའི་མདེལ་ལམ་འཕུར་མདའ་ཞིག་བཀག་ནས་མེད་པར་བཟོས་ཡོད་ཟེར། ཚེས10ཉིན་གྱི་དགོང་མོར་ཁོས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་བཤད་རྒྱུར། འཕེན་དངོས་ཤིག་སོ་ཏི་ཨ་རབ་ཀྱི་ཤར་རྒྱུད་གྲོང་ཁྱེར་ཏཱ་མན་དུ་གནས་པའི་རྒྱལ་པོ་ཧྥ་ཧི་ཏི་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འགྲམ་དུ་ལྷུང་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།