
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་ཚེས10ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་གནས་ཚུལ་སྤེལ་ནས་བཤད་རྒྱུར། ཁོས་ཉིན་དེར་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་འགོ་ཁྲིད་པར་ཁ་པར་བཏང་ནས། ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་ཚད་ཆེ་རུ་གཏོང་བ་དང་ཨུ་རུ་སུར་བཀག་སྡོམ་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར།
ཙི་ལེན་སི་ཅི་ཡིས་སོ་སོར་ཧྥིན་ལན་གྱི་སྲིད་འཛིན་སི་ཐུའུ་པུའུ་དང་ཧྥ་རན་སེའི་སྲིད་འཛིན་མཱ་ཁི་ལུང་། ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐིག་ལི། དེ་བཞིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་པོ་ནཱ་མུའུ་བཅས་ལ་ཁ་པར་བཏང་། ཁོས་ཁ་པར་ནང་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་འགལ་བའི་ཉེ་ཆར་གྱི་གནས་ཚུལ་བཤད་པ་དང་། ཨ་རིས་ཨུ་རུ་སུའི་རྡོ་སྣུམ་ཐོན་རྫས་ཀྱི་བཀག་སྡོམ་ཇེ་ལྷོད་དུ་བཏང་བ་ལས་བྱུང་བའི་འགྲན་རྩོད་ཐད་གྲོས་སྡུར་བྱས་པར་མ་ཟད། ཁ་གཏད་འཇལ་ཐབས་ལ་མཐུན་སྦྱོར་དང་དེ་བཞིན་རྗེས་མཐུད་ཀྱི་གྲོས་མོལ་གྲ་སྒྲིག་བྱེད་པ་སོགས་ཀྱི་དོན་དག་ཐད་ནས་གྲོས་སྡུར་བྱས།
ཨ་རིའི་ནོར་སྲིད་པུའུ་ཡི་ཕྱི་རྒྱལ་གྱི་རྒྱུ་ནོར་ཚོད་འཛིན་གཞུང་སྒྲུབ་ཁང་གིས་ཚེས9ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། མ་འོངས་པའི་ཟླ་འགའི་ནང་། ཨུ་རུ་སུར་དམིགས་པའི་ཁྲའེ་སྣུམ་ཉོ་ཚོང་བཀག་སྡོམ་ལྷོད་དེ། ཨ་རི་རྒྱལ་ནང་གི་ཁྲའེ་སྣུམ་འདོན་སྤྲོད་མི་འདང་བ་དང་སྣུམ་རིན་བརྟན་པོ་མིན་པའི་གནད་དོན་ཐག་གཅོད་རྒྱུ་ཡིན་ཟེར། ཐི་ལིང་ཕུའུ་ཡིས་ཉིན་དེར་བསྒྲགས་རྒྱུར། ཨ་རི་དང་ཨུ་རུ་སུའི་འགོ་ཁྲིད་པས་ཨུ་རུ་སུ་ཡིས་ཨ་རི་དང་དེ་བཞིན་གོ་ལ་ཧྲིལ་བོའི་ཁྲོམ་རར་ཁྲའེ་སྣུམ་འདོན་སྤྲོད་བྱེད་པའི་ཐད་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད་ཟེར། ཙི་ལེན་སི་ཅི་ཡིས་དེའི་རྗེས་སུ་བསྟན་དོན། ཨུ་རུ་སུས་རྡོ་སྣུམ་ཐོན་རྫས་ཕྱིར་འཚོང་བྱེད་ཆོག་པར་བྱེད་པ་ནི“འཁྲུག་རྩོད་ལ་རོགས་སྐྱོར་བྱེད་པ”ཡིན་ཞིང་། ཁོ་དོན་དེར་ཕངས་སེམས་སྐྱེ་བཞིན་ཡོད་པར་མ་ཟད། “རྒྱབ་འགལ”བྱས་པར་འདོད་བཞིན་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།