
ཨུ་རུ་སུའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་ཚེས10ཉིན་བཤད་རྒྱུར། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ལ་དབྱི་ལང་ཕྱོགས་ཀྱི་འགལ་བ་ཐག་གཅོད་སྐོར་གྱི་བསམ་བཀོད་བརྒྱུད་སྒྲོག་བྱས་ཟེར།
ཕེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕུའུ་ཅིན་གྱིས་ཐུའུ་ཁུའུ་མན་སི་ཐན་དུ་རང་བཙན་མཉམ་འབྲེལ་སྒྲིག་གཞིའི་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་དང་ལི་ཧེའི་སྐྱེ་ཁམས་རྩེ་ཚོགས་ལ་ཞུགས་སྐབས་སུ་དབྱི་ལང་གི་སྲིད་འཛིན་ཕེ་ཙི་ཞི་ཆི་དབྱང་ལ་ཁོས་ཐི་ལིང་ཕུའུ་དང་ཁ་པར་བཏང་བ་བཤད། ཕེ་ཙི་ཞི་ཆི་དབྱང་དང་གྲོས་མོལ་བྱས་རྗེས། ཕུའུ་ཅིན་གྱིས་ཚེས9ཉིན་ཐི་ལིང་ཕུའུ་དང་ཁ་པར་གཏོང་སྐབས་དབྱི་ལང་ཕྱོགས་ཀྱི་འགལ་བ་ཐག་གཅོད་བྱེད་པའི་བསམ་བཀོད་བརྒྱུད་སྒྲོག་བྱས།
འོན་ཀྱང་ཕེ་སི་ཁི་ཧྥུའུ་ཡིས་དབྱི་ལང་ཕྱོགས་ཀྱི་བསམ་བཀོད་ལས་བྱེ་བྲག་ནང་དོན་ཅི་ཡིན་པ་གསལ་བོར་མ་བསྒྲགས།
ཕེ་སི་ཁི་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཨ་རི་ཕྱོགས་ནས་གྲོས་གཞི་བཏོན་པའི་འོག ཐེངས་འདིའི་ཨུ་རུ་སུ་དང་ཨ་རིའི་སྲིད་འཛིན་བར་གྱི་ཁ་བརྡའི་ནང་དོན་གཙོ་བོ་ཝུའུ་ཁི་ལན་གྱི་གནད་དོན་དམིགས་སུ་བཟུང་ཡོད། ཁ་བརྡའི་ཁྲོད་དུ། ཕུའུ་ཅིན་གྱིས་ཨ་རིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་བར་གྱི་འགལ་བ་ཞི་ལྷོད་དུ་གཏོང་ཆེད་གྲོས་གཞི་ཁ་ཤས་བཏོན་པར་གོ་བ་ལེན་ཐུབ་པའི་བརྡ་བསྟན།
ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས9ཉིན་གྱི་དགོང་མོར་སྲིད་འཛིན་གཞུང་ཕྱོགས་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་ཤིང་། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་ཀྱི་མདུན་ལྗོངས་དང་། དབྱི་ལང་གི་གནས་བབ། ཨུ་རུ་སུ་དང་ཨ་རི་ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་དམིགས་སུ་བཟུང་ཡོད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།