
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཚེས10ཉིན་ཏ་ཐུང་དུ་ཧྥ་རན་སེའི་སྲིད་འཛིན་གྱི་ཕྱི་དོན་བློ་འདྲི་པའོ་ན་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སེའི་འཐབ་ཇུས་གླེང་མོལ་ཐེངས་ཉེར་བརྒྱད་པ་སྤེལ་ཏེ། ཀྲུང་གོ་དང་ཧྥ་རན་སེའི་འཐབ་ཇུས་མཉམ་ལས་ཡུན་རིང་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་མཐུན་སྦྱོར་ཟབ་མོ་བྱས་ཤིང་། ཡོངས་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་བྱུང་། ཕྱོགས་གཉིས་ཀྱིས་ད་དུང་ཀྲུང་གོ་དང་ཡོ་རོབ་ཉོ་ཚོང་དངུལ་གཏོང་གི་གྲོས་མོལ་རྐྱེན་སྲོལ་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཧྥ་རན་སེའི་འཐབ་ཇུས་གླེང་མོལ་ནི་ཀྲུང་གོས་ནུབ་ཕྱོགས་རྒྱལ་ཁབ་ཆེན་མོའི་བར་བཙུགས་པའི་རིམ་པ་མཐོ་བའི་འཐབ་ཇུས་གྲོས་མོལ་རྐྱེན་སྲོལ་དང་པོ་ཡིན་ལ། དེ་དང་བསྟུན་ནས་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་འཚར་ལོངས་འབྱུང་བར་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས། ལྷག་པར་དུ་གཙོ་འཛིན་གྱི་ཕྱི་འབྲེལ་ལ་ཞབས་འདེགས་ཞུས་ཏེ། ཆབ་སྲིད་ཀྱི་ཕན་ཚུན་ཡིད་རྟོན་ཇེ་བརྟན་དུ་བཏང་ཞིང་། རྒྱལ་ཁབ་ཆེན་མོའི་ཁག་ཁར་མངོན་པར་བྱས་ཡོད། དེང་སྐབས། རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་དང་རྙོག་འཛིང་ཆེ་བ་སྔར་ལས་འབུར་ཐོན་དུ་འགྱུར་བཞིན་ཡོད་པས། ཀྲུང་གོས་ཧྥ་རན་སེ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་མཉམ་དུ་དོན་འཁྱོལ་བཟང་པོ་བྱེད་ཅིང་། འཐབ་ཇུས་མཐུན་སྦྱོར་སྲུང་འཛིན་དང་འཐབ་ཇུས་ཡིད་རྟོན་ཤུགས་དྲག་ཏུ་བཏང་ནས། ཀྲུང་གོ་དང་ཧྥ་རན་སེ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་ཐོག་ཡར་འཕེལ་བྱུང་ཆེད། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་སྤེལ་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོས་ཧྥ་རན་སེ་ཕྱོགས་དང་མཐོ་རིམ་འགྲོ་འོང་སྲུང་འཛིན་བྱས་ཏེ། མཁའ་འགྲུལ་དང་མཁའ་སྐྱོད། ཉིང་ནུས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ། སྔོན་ཐོན་བཟོ་སྐྲུན་དང་། ལྗང་མདོག་ཐཱན་ཉུང་། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། སློབ་གསོ་དང་རིག་གནས། ན་གཞོན། ལུས་རྩལ། ས་གནས་བཅས་ཀྱི་སྤེལ་རེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཧྥ་རན་སེ་ནས་དངུལ་གཏོང་ལས་སྤེལ་ཐུབ་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཧྥ་རན་སེ་ནི་རང་ཚུགས་རང་བདག་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པའི་རྒྱལ་ཁབ་ཆེན་མོ་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་མཐུན་སྦྱོར་གཞོགས་འདེགས་ལ་མུ་མཐུད་དུ་ཤུགས་སྣོན་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་ལ་མཉམ་དུ་སྐུལ་འདེད་བཏང་ནས། ལག་གདང་མཉམ་སྦྲེལ་གྱིས་སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་བསྐྲུན་འདོད་ཡོད། ཐའེ་ཝན་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་འབྲེལ་བ་ཡོད་པས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་དམ་བཅའ་བརྟན་སྲུང་བྱས་ནས། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོང་བཟང་པོ་བྱེད་པའི་རེ་བ་ཡོད།
པའོ་ན་ཡིས་བསྟན་དོན། ཧྥ་རན་སེ་དང་ཀྲུང་གོའི་མཛའ་བརྩེ་ཧ་ཅང་ཟབ། 1973ལོར་ཐོག་དང་པོར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཧྥ་རན་སེའི་སྲིད་འཛིན་གྱིས་ཏ་ཐུང་ལ་འཚམས་འདྲི་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་མིག་དཔེ་བཟང་པོ་བསྟན་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ལོ་རྒྱུས་མཛའ་འབྲེལ་རྒྱུན་འཛིན་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་མཛའ་མཐུན་ཡིད་རྟོན། རྨང་གཞི་བརྟན་པོ། ཉམས་མེད་གསོན་ཤུགས་བཅས་ལྡན་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་བསྐྲུན་འདོད་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་དམ་སྲུང་བྱེད་པའི་ཐད་ནས་འགྱུར་ལྡོག་ཅི་ཡང་འབྱུང་མི་སྲིད། ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་བཏང་སྟེ། མི་ཚུལ་དང་རིག་གནས་སྤེལ་རེས་ལ་ཤུགས་སྣོན་དང་། ཞིང་ལས། ཉིང་ནུས། མཁའ་དབྱིངས། སྦྲེལ་དྲ། མི་ཐབས་རིག་ནུས་དང་ཚན་རྩལ་གསར་བ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་པའི་རེ་ལྟོས་ཆེ། ཧྥ་རན་སེས་ཀྲུང་གོའི་ཁེ་ལས་ཧྥ་རན་སེར་ཡོང་ནས་དངུལ་གཏོང་བྱེད་པར་སྔོན་དཔག་ཐུབ་པའི་ཚོང་གཉེར་ཁོག་ཡུག་མུ་མཐུད་དུ་འདོན་སྤྲོད་བྱེད་རྒྱུ་ཡིན། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་གོ་ལ་ཧྲིལ་བོའི་གྲོས་འགོར་ཚད་མཐོའི་གདེང་འཇོག་བྱས་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ལས་ཀྱིས་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་ལ་ཁ་གཏད་འཇལ་བ་དང་། ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་སྔར་ལས་མང་བའི་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱེད་འདོད་ཡོད།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཡོ་རོབ་ཉོ་ཚོང་དངུལ་གཏོང་གི་གྲོས་མོལ་རྐྱེན་སྲོལ་གྱི་འཆར་ཅན་ཚོགས་འདུ་ཐེངས་གཉིས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཕྱོགས་གཉིས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོ་ཡིན་པའི་ཆ་ནས། གླེང་མོལ་བརྒྱུད་དེ་དཔལ་འབྱོར་ཉོ་ཚོང་གི་མི་མཐུན་ས་ཐག་གཅོད་འོས་འཚམ་བྱས་ཆོག་ལ། ཕྱོགས་མང་རིང་ལུགས་ཀྱི་འདུ་ཤེས་སྲུང་སྐྱོང་བྱེད་པ། རང་མོས་ཉོ་ཚོང་མ་ལག་ལ་སྲུང་སྐྱོང་བྱས་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་གཏན་འཇགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་ཡང་བསྐྱར་སླེབས་པར་སྐུལ་འདེད་གཏོང་དགོས་པ་བསྟན་ཞིང་། ཧྥ་རན་སེ་ཕྱོགས་ཡོ་རོབ་མནའ་འབྲེལ་གྱི་སྲོག་ཤིང་ཁོངས་གཏོགས་ཡིན་པའི་ཆ་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་གཉིས་ཕན་མཉམ་ལས་ཐད་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་མུ་མཐུད་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཟེར།
ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཡིད་ཆེས་ནི་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་རྨང་གཞི་དང་གཞི་རྩ་ཡིན་པས། དཔལ་འབྱོར་ཉོ་ཚོང་ཐད་མི་མཐུན་ས་ཡོད་པ་ནི་དུས་རིམ་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན། ཕྱོགས་གཉིས་ཀྱིས་གྲོགས་པོའི་འབྲེལ་བའི་ངེས་གནས་དང་མཉམ་ལས་གཞི་གདངས་རྒྱུན་འཁྱོངས་བྱེད་དགོས། ཉོ་ཚོང་གནད་དོན་དེ་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་གོ་གནས་འོས་འཚམ་ཞིག་གི་སྟེང་བཞག་སྟེ། མཉམ་རྒྱལ་ལ་སྐུལ་སྤེལ་གཏོང་བ་ལས་གཉིས་ཕམ་དུ་འགྱུར་མི་རུང་། བཟང་ཕྱོགས་སུ་སྙོམ་པ་མངོན་འགྱུར་བྱེད་རྒྱུ་ལས་འགལ་བའི་ཕྱོགས་སུ་བསྐྱོད་མི་རུང་ཟེར། པའོ་ན་ཡིས་བསྟན་དོན། ཐེངས་འདིའི་ཡོ་རོབ་དང་ཀྲུང་གོའི་ཉོ་ཚོང་དངུལ་གཏོང་གི་གྲོས་མོལ་ནི་བཟང་ཕྱོགས་སུ་འཕེལ་བའི་གོམ་པ་གལ་ཆེན་ཞིག་རེད། ཡོ་རོབ་ཀྱི་འཕེལ་རྒྱས་ཐད་ཀྲུང་གོ་མཁོ། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་བར་ཉོ་ཚོང་དམག་འཐབ་རྒྱག་མི་འདོད་ལ་ཀྲུང་གོ་དང་ཁ་བྲལ་དུ་འགྲོ་བའི་བྱེད་ཐབས་འཚོལ་མི་འདོད། ཀྲུང་གོ་ཕྱོགས་ཀྱིས་ཡིད་རྟོན་དང་རློམ་ཆོག་པའི་གྲོགས་པོ་བྱས་ཏེ། དྲང་སྙོམས་དང་མཉམ་ལས་ལ་བརྟེན་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་ངོས་འཛིན་བྱེད་ཅིང་། ཡིད་ཆེས་དང་ཆིངས་ཡིག་ལ་བརྟེན་ནས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད།
ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་། དབུས་ཤར་གྱི་གནས་བབ་སོགས་གྲོས་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་འཐབ་ཇུས་གླེང་མོལ་གྱི་རྐྱེན་སྲོལ་བྱེད་ནུས་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ཏེ། གླེང་མོལ་མཐུན་སྦྱོར་དང་རྒྱལ་སྤྱིའི་ལས་དོན་གྱི་མཐུན་སྦྱོར་སྲུང་འཛིན་བྱ་རྒྱུར་འཐད་པ་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།