
ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས9ཉིན་གྱི་དགོང་མོར་སྲིད་འཛིན་དཔོན་ཕྱོགས་དྲ་རྒྱ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཉིན་དེར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ལ་ཁ་པར་གཏོང་སྐབས། ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་གོ་ལ་ཧྲིལ་བོའི་ཚོང་རར་རྡོ་སྣུམ་དང་རྡོ་སྣུམ་ཐོན་རྫས་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཚེས9ཉིན་ཁ་པར་གྲོས་མོལ་བྱས་པ་དང་། གཙོ་བོ་ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་མདུན་ལྗོངས་དང་དབྱི་ལང་གི་གནས་བབ། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་བཅས་ལ་གྲོས་བསྡུར་བྱས།
གོ་ལ་ཧྲིལ་བོའི་ནུས་ཁུངས་གནས་བབ་གླེང་སྐབས། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་གོ་ལ་ཧྲིལ་བོའི་ཚོང་རར་རྡོ་སྣུམ་དང་རྡོ་སྣུམ་ཐོན་རྫས་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས། ཕུའུ་ཅིན་གྱིས་བལྟས་ན། བྱེད་ཐབས་འདིས་གོ་ལ་ཧྲིལ་བོའི་དཔལ་འབྱོར་ཐད་ཤུགས་རྐྱེན་བཟང་བོ་ཐེབས་སྲིད་པར་འདོད།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མུ་མཐུད་དུ་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་དང་། འབྲེལ་ཡོད་སྡེ་ཁག་གིས་ཀྱང་མུ་མཐུད་དུ་མཉམ་ལས་བྱེད་པར་ཁས་ལེན་བྱས་ཡོད་ཟེར།
ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་ཕྱི་རྒྱལ་གྱི་རྒྱུ་ནོར་ཚོད་འཛིན་གཞུང་སྒྲུབ་ཁང་གིས་ཚེས9ཉིན་སྤྱི་སྒྲོག་སྤེལ་ཏེ། མ་འོངས་པའི་ཟླ་ངོ་འགའི་ནང་ཨུ་རུ་སིའི་ཁྲེ་སྣུམ་ཉོ་ཚོང་ཐད་ཀྱི་བཀག་སྡོམ་ཇེ་ལྷོད་དུ་བཏང་ནས། ཨ་མེ་རི་ཁ་སོགས་ཀྱི་ཁྲེ་སྣུམ་མཁོ་འདོན་ཛ་དྲག་ཡིན་པ་དང་རིན་གོང་ཇེ་མཐོར་འགྲོ་བའི་གནས་ཚུལ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར། ཉིན་དེར་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁ་དང་ཨུ་རུ་སིའི་འགོ་ཁྲིད་པས་ཨ་མེ་རི་ཁ་དང་གོ་ལ་ཧྲིལ་བོའི་ཚོང་རར་ཁྲེ་སྣུམ་འདོན་སྤྲོད་བྱེད་པར་གྲོས་མཐུན་བཀོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།