
ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས8ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་དབྱི་ལང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཚེས8ཉིན་གྱི་དགོགང་མོར་ཐུའུ་ཁུའུ་མན་སི་ཐན་གྱི་ཐུའུ་ཁུའུ་མན་པཱ་ཞེ་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་ཟེར། ཕུའུ་ཅིན་གྱིས་རང་ནུས་ཅི་ལྕོགས་ཀྱིས་དབྱི་ལང་གིས་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་འདོད་ཡོད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ན་ནིང་ལོ་མགོར་བཀོད་པའི་དུས་ཡུན་ལོ་ངོ་ཉི་ཤུའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་དབང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ཅིང་། ཉོ་ཚོང་འབོར་གྲངས་འཕར་སྣོན་བྱུང་བ་དང་མི་ཚུལ་ཁྱབ་ཁོངས་ཀྱི་བརྗེ་རེས་ཇེ་མང་དུ་སོང་ཡོད་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་གནས་བབ་ནི་མིག་སྔའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་ལང་གིས་ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་ཐད་འབད་བརྩོན་བྱེད་པར་རྒྱུས་ལོན་བྱེད་ཐུབ། ཨུ་རུ་སི་ཡིས་རང་ནུས་ཅི་ཡོད་ཀྱིས་དབྱི་ལང་གིས་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར།
ཕའེ་ཙེ་ཞི་ཆི་དབྱང་གིས་ཕུའུ་ཅིན་དང་ཨུ་རུ་སི་ཡིས་དབྱི་ལང་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། དབྱི་ལང་ཕྱོགས་ཀྱིས་གང་མགྱོགས་སྒོས་འཐབ་འཁྲུག་མཇུག་སྒྲིལ་དུ་འཇུག་འདོད་ཡོད་ཀྱང་། ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་གལ་འགངས་ཧ་ཅང་ཆེ། གལ་ཏེ་ཨ་མེ་རི་ཁས་ཕྱོགས་གཅིག་རིང་ལུགས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ན། འཐབ་འཁྲུག་དེ་དུས་ཡུན་ཐུང་ངུའི་ནང་མཇུག་སྒྲིལ་ཐབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།