
སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཚེས9ཉིན་ཐུའུ་ཁུའུ་མན་སི་ཐན་གྱི་ཐུའུ་ཁུའུ་མན་པཱ་ཞེ་ནས་ཡིག་ཆར་མིང་བཀོད་པ་དང་། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པ་བཙུགས་ནས་ལོ་ངོ་སོ་ལྔ་འགོར་བར་འབྲེལ་བའི་གསལ་སྒྲོག་ལ་གྲོས་འཆམ་བྱུང་། གསལ་སྒྲོག་ལས་བཤད་རྒྱུར། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ཟེར།
ཡིག་ཆ་དེར་ཉིན་དེར་སྤེལ་བའི་སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་སུ་མིང་བཀོད་པ་རེད། གསལ་སྒྲོག་ལས་བཤད་རྒྱུར། ད་ལྟ་རྒྱལ་སྤྱིའི་འབྲེལ་བར་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་པར་མ་ཟད། ཐུན་མིན་གྱི་གྲོས་མོལ་སྟེགས་བུ་ཞིག་ཡིན་པའི་ཆ་ནས། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་མཉམ་ལས་སྤེལ་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤ་དརྒྱུར། བདེ་འཇགས་ཐད་ནས་སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་བའི་ཁྱབ་ཁོངས་གཙོ་བོར་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས། ཁྲིམས་འགལ་མཚོན་ཆ་དང་དུག་རྫས་ལྐོག་འཚོང་། རུལ་སུངས་དང་ནག་དངུལ་དཀར་བསྒྱུར། མི་སྣའི་གཡོ་འཚོང་། ཁྲིམས་འགལ་གནས་སྤོར་སྡོད་དམ་བཅས་ལ་ཆམ་ཕབ་བཏང་སྟེ། བྲེལ་མྱུར་གནས་ཚུལ་འབྱུང་བར་སྔོན་འགོག་དང་དྲ་རྒྱའི་ནག་ཉེས་ལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར།
སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དག་གི་འགོ་ཁྲིད་པས་མུ་མཐུད་དུ་སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་རྒྱལ་སྤྱིའི་གོ་གནས་མཐོར་འདེགས་གཏོང་རྒྱུའི་ཚུལ་བསྟན་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཆབ་སྲིད་དང་གྲོས་ཁང་བར་གྱི་གྲོས་མོལ་སྤེལ་བ་དང་ཁོངས་གཏོགས་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་དང་མི་ཚུལ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་འཁོར་སྐྱོད་ཕན་ནུས་དང་གྲོས་གཞི་སྣ་ཚོགས་ཀྱི་དོན་དངོས་ཕན་འབྲས་ཇེ་མཐོར་གཏོང་འདོད་ཡོད་པ་བསྐྱར་བསྒྲགས་བྱས།
ཉིན་དེར་སྤེལ་བའི་སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་དུ། 2027ལོར་ཝུའུ་ཙི་པེ་ཁི་སི་ཐན་གྱིས་སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། ཐུའུ་ཁུའུ་མན་སི་ཐན་དང་ཨ་སེ་པེད་ཅང་གིས་མཉམ་དུ་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཐག་བཅད། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་རྗེས་མ་དེ་སང་ལོའི་ཟླ10བར་ཝུའུ་ཙི་པེ་ཁི་སི་ཐན་གྱི་པུའུ་ཧཱ་ལཱ་ནས་སྤེལ་རྒྱུ་རེད།
སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པ་དེ1991ལོའི་ཟླ12བར་བཙུགས་པ་དང་། སྒེར་ཚུགས་རྒྱལ་ཁབ་མཉམ་འབྲེལ་ཚོགས་པའི་རྒྱལ་ཁབ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ནི་རྩ་འཛུགས་དེའི་ཆེས་མཐོའི་ལས་ཁུངས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།