
ཐེ་གོའི་ངོ་རྒོལ་ཏང་གི་སྒར་སས་ཚེས8ཉིན་རྒྱལ་ཚོགས་ལ་ཙུང་ལི་ཨ་ནོའུ་ཐིན་དང་ནེ་ཀིའི་ཁོངས་མི17ལ་ཡིད་ཆེས་མི་བྱེད་པའི་གྲོས་གཞི་སྤྲད། ཚོད་དཔག་བྱས་ན་ཐེ་གོའི་རྒྱལ་ཚོགས་ཀྱིས་ཟླ10བའི་ཟླ་སྨད་དུ་དོན་དེར་དཔྱད་གླེང་བྱེད་རྒྱུ་རེད།
ཐེ་གོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མི་དམངས་ཏང་གི་ཏང་གཙོ། རྒྱལ་ཚོགས་ཀྱི་ངོ་རྒོལ་ཏང་གི་གཙོ་འཛིན་ལོན་པན་ཡཱ་ཝུའུ་ཡིས་ཉིན་དེར་ངོ་རྒོལ་ཏང་གི་སྒར་སའི་ཚབ་བྱས་ཏེ། རྒྱལ་ཚོགས་ཀྱི་ཀྲུའུ་ཞིའམ་གྲོས་ཁང་ཞོལ་མའི་གྲོས་དཔོན་སུའུ་ཕིན་ལ་ཤོག་ངོས་བདུན་ཅན་གྱི་ཡིད་ཆེས་མི་བྱེད་པའི་གྲོས་གཞི་ཞིག་སྤྲད་པ་དང་། ངོ་རྒོལ་ཏང་གི་གྲོས་མི145ཡིས་མཉམ་དུ་མིང་རྟགས་བཀོད་དེ་རྒྱབ་སྐྱོར་ཐོབ་ཡོད་ཟེར།
གྲོས་གཞི་དེ་གཙོ་བོ་གྲོས་ཁང་གོང་མའི་འདེམ་བསྐོའི་བྱ་འགུལ་དྲང་བདེན་མིན་པ་དང་ས་གནས་སྲིད་འཛིན་མི་སྣ་བསྡུ་བའི་རྒྱུགས་གཞིར་རུལ་སུངས་ཀྱི་གནད་དོན་ཡོད་པ། སྲིད་གཞུང་གིས་ཆུ་ལོག་གི་གནོད་འཚེ་ཐག་གཅོད་བྱས་པ་ནུས་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་འབྲེལ་ཡོད།
མཉམ་དུ་མིང་རྟགས་བཀོད་ནས་ཡིད་ཆེས་མི་བྱེད་པའི་གྲོས་གཞིར་རྒྱབ་སྐྱོར་བྱས་པའི་ཐེ་གོའི་དམངས་གཙོ་ཏང་གི་འཐུས་མིས་བསྟན་དོན། ཐེངས་འདིར་ཡིད་ཆེས་མི་བྱེད་པའི་གྲོས་གཞི་བཏོན་པའི་ནེ་ཀིའི་ཁོངས་མིའི་ཁ་གྲངས་མང་བར་དམིགས་ཏེ། ངོ་རྒོལ་ཏང་གིས་དུས་ཡུན་ཉིན་ལྔའི་རིང་དཔྱད་གླེང་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།