ཧུའུ་སེ་དྲག་ཆས་ཀྱིས་སོ་ཏི་ཨ་རབ་ཀྱིས་དུས་ཚོད24རིང་མཁའ་རྒོལ་དང་འཕུར་མདའི་འཇབ་རྒོལ་ཐེངས་བརྒྱ་ལྷག་བྱས་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡེ་མིན་ཧུའུ་སེ་དྲག་ཆས་ཀྱིས་ཚེས4ཉིན་བཤད་རྒྱུར། འདས་པའི་དུས་ཚོད24རིང་། སོ་ཏི་ཨ་རབ་ཀྱིས་ཧུའུ་སེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་ས་ཁུལ་དུ་མཁའ་རྒོལ་དང་འཕུར་མདའི་འཇབ་རྒོལ་ཐེངས106བྱས་ཟེར།

ཧུའུ་སེ་དྲག་ཆས་ཀྱི་དམག་དོན་མགྲིན་ཚབ་པ་ཡེ་ཧེ་ཡ་.ས་ལེ་ཡ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་འཇབ་རྒོལ་དེས་ཡེ་མིན་གྱི་རྒྱལ་ས་ས་ན་དང་ཅའོ་ཧྥུའུ། ཐ་དབྱི་ཙི་སོགས་ཞིང་ཆེན་ལ་དམིགས་ཡོད། འཇབ་རྒོལ་གསར་པ་ལས་སྐོར་ཐེངས་འདིའི་གནས་བབ་རིམ་སྤོར་བྱས་ཚུན་གྱི་སོ་ཏི་ཨ་རབ་ཀྱིས་ཡེ་མིན་ལ་མཁའ་རྒོལ་དང་འཕུར་མདའི་འཇབ་རྒོལ་བྱས་པའི་སྤྱི་གྲངས1516ལ་སླེབས་ཡོད་ཟེར།

སོ་ཏི་ཨ་རབ་ཕྱོགས་ནས་འདིའི་ཐད་གནས་སྐབས་སུ་དཔྱད་བརྗོད་ཅི་ཡང་སྤེལ་མེད།

ཉིན་དེའི་སྔ་ཤས་སུ། ཡེ་མིན་སྲིད་འཛིན་འགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལཱ་ཧྲ་ཏི་.ཨ་ལི་མུས་ཀྱིས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་རུ་དམག་དོན་འགུལ་སྐྱོད་སྤེལ་འགོ་བརྩམས་ནས། ཧུའུ་སེ་དྲག་ཆས་ཀྱིས་ཉེ་ལམ་ཚོད་འཛིན་བྱས་པའི་ས་ཁུལ་ཕྱིར་བསྡུ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།