དབྱི་ལང་དམག་ཕྱོགས་ཀྱིས་འཕུར་མདའི་འཕེན་རྒྱང་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལང་ཧྥ་ཨར་སི་གསར་འགྱུར་ཁང་གིས་ཚེས4ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་ལང་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཨ་ཁི་ལ་མུས་ཉི་ཡ་ཡིས་བཤད་རྒྱུར། དབྱི་ལང་དམག་ཕྱོགས་ཀྱིས་འཕུར་མདའི་འཕེན་རྒྱང་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་ཡོད་ཟེར།

ཨ་ཁི་ལ་མུས་ཉི་ཡས་སྨྱན་སྦྱོར་དེའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཇུས་ཆོད་འདི་འདྲ་ཞིག་བཏོན་པའི་རྒྱུ་མཚན་ནི་དབྱི་ལང་གིས་ཨ་རི་དང་དབྱི་སི་རལ་གྱི་དམག་དོན་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱས་པས་ཡིན། དམག་འཁྲུག་འདིའི་ཁྲོད་དུ་ང་ཚོར་མཇུག་མཐའི་སྡོམ་ཚིག་ཅིག་ཐོབ་པ་ནི་འཕུར་མདའི་འཕེན་རྒྱང་ངེས་པར་དུ་ཇེ་རིང་དུ་གཏོང་རྒྱུ་དེ་ཡིན་ལ། མིག་སྔར་ང་ཚོ་ལམ་དེར་ཞུགས་ཡོད་ཟེར།

ཨ་ཁི་ལ་མུས་ཉི་ཡས་ད་རུང་བསྟན་དོན། དགྲ་བོས་དམག་ཤུགས་དང་དམག་གྲུ་དབྱི་ལང་གི་མཚོ་འགྲམ་དང་རྒྱང་ཐག་རིང་སར་བཀོད་སྒྲིག་བྱས་ཡོད་པས། ཆེས་རིང་ན་སྤྱི་ལེ1000ཙམ་ལས་འཕེན་མི་ཐུབ། དེར་བརྟེན། དབྱི་ལང་གིས་མུ་མཐུད་དུ་འཕུར་མདའ་རིམ་སྤོར་བྱེད་རྒྱུ་ཡིན་ཟེར་ལ། ཁོས་ད་རུང་དབྱི་ལང་གིས་འཕུར་མདའི་མྱུར་ཚད་དང་དམིགས་ཚད་མཐོར་འདེགས་གཏོང་བའི་ཐད་ནས་མངོན་གསལ་གྱི་གྲུབ་འབྲས་ལོན་ཡོད་པ་ནན་བཤད་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།