རྒྱ་གར་གྱིས་རྒྱ་གར་དང་ཕ་ཁི་སི་ཐན་མཐའ་མཚམས་སུ་བྱུང་བའི་དོན་རྐྱེན་ཐད་ཕ་ཁི་སི་ཐན་གྱི་གནས་སྐབས་ལས་ཚབ་ལ་ཐུག་འཕྲད་བྱས།
ཁུངས། ཀློག་གྲངས།

རྒྱ་གར་ཕྱི་འབྲེལ་པུའུ་ཡིས་ཚེས3ཉིན་གསལ་བསྒྲགས་སྤེལ་ནས་བསྟན་དོན། རྒྱ་གར་ཕྱོགས་ཀྱིས་ཉིན་དེར་རྒྱ་གར་དུ་སྡོད་པའི་ཕ་ཁི་སི་ཐན་གྱི་མཐོ་རིམ་ཆེད་མི་སྤྱི་ཤག་གི་གནས་སྐབས་ལས་ཚབ་ལ་ཐུག་འཕྲད་བྱས་ནས། རྒྱ་གར་ཕྱོགས་ཀྱིས་བསྟན་པའི་ཕ་ཁི་སི་ཐན་གྱིས་ཁྲིམས་འགལ་རྒྱལ་ཁོངས་བརྒལ་བའི་སིམ་འཛུལ་ལ་སྟབས་བདེ་བསྐྲུན་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།

རྒྱ་གར་ཕྱོགས་ཀྱིས་གསལ་བསྒྲགས་ཁྲོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཚེས2ཉིན་རྒྱ་གར་གྱི་ཕང་ཀྲི་ཕུའུ་པང་ཧྥེ་ལོ་ཙི་པུའུ་འར་མཚམས་ཀྱི་རྒྱ་གར་དང་ཕ་ཁི་སི་ཐན་གྱི་མཐའ་མཚམས་ཉེ་འགྲམ་དུ་བྱུང་བའི་དོན་རྐྱེན་ལ་སྐྱོན་འཛུགས་བྱས་པར་དགག་ལན་སྤྲད་དེ། འབྲེལ་ཡོད་སྐྱོན་འཛུགས་ལ་གཞི་འཛིན་ས་གཏན་ནས་མེད་པར་བསམ་བཀོད་གཞན་ཡོད་ཟེར།

གསལ་བསྒྲགས་ལས་བསྟན་དོན། སྐབས་དེར་མི་གསུམ་མཐའ་མཚམས་བརྒལ་ནས་རྒྱ་གར་རྒྱལ་ཁོངས་སུ་སིམ་འཛུལ་བྱས་པ་དང་། རྒྱ་གར་མཐའ་མཚམས་ཀྱི་བདེ་འཇགས་དམག་དཔུང་གིས་ཉེན་བརྡ་ཐེངས་མང་བཏང་ནས་ཕྱིར་ལོག་དགོས་པའི་བླང་བྱ་བཏོན་མོད། ཕ་རོལ་པོ་མུ་མཐུད་དུ་མཐའ་མཚམས་ཀྱི་སྐོར་ར་ཕྱོགས་སུ་ཐོན། རྒྱ་གར་ཕྱོགས་ཀྱིས་བཤད་རྒྱུར། ཕ་རོལ་པོས་ཁ་ཚ་དགོས་གཏུག་གི་བདེ་འཇགས་འཇིགས་སྐུལ་བྱས་པས། རྒྱ་གར་མཐའ་མཚམས་ཀྱི་བདེ་འཇགས་དམག་དཔུང་གིས་དེ་མ་ཐག་འགུལ་སྐྱོད་སྤེལ་བ་ཡིན་ཟེར།

གསལ་བསྒྲགས་ལས་བསྟན་དོན། ཐེངས་འདིའི་དོན་རྐྱེན་ལས་ཕ་ཁི་སི་ཐན་རྒྱལ་ཁོངས་ཀྱི་དྲག་ཆས་དུག་ཚོང་ཚོགས་པས་ཡང་དང་བསྐྱར་དུ་རྒྱལ་ཁོངས་བརྒལ་བའི་བྱེད་སྒོ་སྤེལ་བའི་གནད་དོན་མཚོན་ཡོད་པ་དང་། རྒྱ་གར་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱིས་དེར་བརྟག་དཔྱད་བྱེད་པ་དང་དེར་བསྟུན་གྱི་བྱེད་ཐབས་སྤྱད་དེ། དོན་རྐྱེན་འདིའི་རིགས་ཡང་བསྐྱར་མི་འབྱུང་བར་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན།

ཕ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཉིན་དེར་ཕ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་ཆེད་མི་སྤྱི་ཤག་གི་གནས་སྐབས་ལས་ཚབ་ལ་ཐུག་འཕྲད་བྱས་ནས། ཚེས2ཉིན་རྒྱ་གར་མཐའ་མཚམས་ཀྱི་བདེ་འཇགས་དམག་དཔུང་གི་མི་སྣས་ཕ་ཁི་སི་ཐན་དང་རྒྱ་གར་མཐའ་མཚམས་སུ་ཕ་ཁི་སི་ཐན་གྱི་མང་ཚོགས་གཉིས་བསད་པའི་དོན་རྐྱེན་ཐད། རྒྱ་གར་ཕྱོགས་ལ་རྒོལ་གཏམ་དྲག་པོ་བཏང་།

ཕ་ཁི་སི་ཐན་ཕྱོགས་ཀྱིས་གསལ་བསྒྲགས་ལས་བཤད་རྒྱུར། རྒྱ་གར་མཐའ་མཚམས་ཀྱི་བདེ་འཇགས་དམག་དཔུང་གི་མི་སྣས་ལག་ཏུ་མཚོན་ཆ་ཅི་ཡང་བཟུང་མེད་པའི་མང་ཚོགས་ལ་མཚོན་ཆ་བཀོལ་བ་ནི་རྒྱུ་མཚན་ཅི་ཡང་མེད་ལ་འདྲ་མཉམ་ཚབས་ཆེན་ཤོར་བའི་བྱ་སྤྱོད་ཅིག་རེད། ཕ་ཁི་སི་ཐན་ཕྱོགས་ཀྱིས་འདས་པོ“སིམ་འཛུལ་པར”ངོས་འཛིན་བྱེད་པའི་བསམ་ངན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ཡིན་ཟེར།

​