ཡེ་མིན་ཧུའུ་སའེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་ཡི་རྡོ་སྣུམ་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡེ་མིན་ཧུའུ་སའེ་དྲག་ཆས་པས་ཚེས3ཉིན་བཤད་རྒྱུར།  རྩ་འཛུགས་དེས་མདེལ་ལམ་འཕུལ་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡ་ཏི་རུ་ཡོད་པའི་རྡོ་སྣུམ་སྒྲིག་བཀོད་ཅིག་ལ་འཇབ་རྒོལ་བྱས་ཏེ། སོ་ཏི་ཨ་རབ་ཀྱིས་ཉེ་ལམ་ཡེ་མིན་མངའ་ཁོངས་སུ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།

ཧུའུ་སའེ་དྲག་ཆས་པའི་དམག་དོན་མགྲིན་ཚབ་པ་ཡེ་ཧེ་ཡ་སཱ་ལེ་ཡ་ཡིས་ཉིན་དེར་རྩ་འཛུགས་དེས་ཚོད་འཛིན་བྱས་པའི་མཱ་ཞི་ཡ་བརྙན་འཕྲིན་ཁང་དུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   གོང་གི་སྒྲིག་བཀོད་དེ་སོ་ཏི་ཨ་རབ་ཀྱི་ཨ་མེ་ཀུང་ཟིར་གཏོགས་པ་དང་།  འཇབ་རྒོལ་ལས་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱུང་སྟེ་འཕུར་མདའི་དམིགས་འབེན་ས་ཚིགས་ལ་ཕོག་ནས་མེ་འབར་དུ་བཅུག་ལ། དེ་ནི་སོ་ཏི་ཨ་རབ་ཀྱིས་ཡེ་མིན་གྱི་ས་ནཱ་དང་དེ་བཞིན་ཧུའུ་སའེ་དྲག་ཆས་པའི་ཚོད་འཛིན་ཁུལ་གཞན་པར་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།

སོ་ཏི་ཨ་རབ་ཕྱོགས་ཀྱིས་དེའི་ཐད་གསལ་བསྒྲགས་ཅི་ཡང་སྤེལ་མེད།

སཱ་ལེ་ཡ་ཡིས་ད་རུང་བཤད་རྒྱུར།   འདས་པའི་དུས་ཚོད24རིང་།  ཡེ་མིན་མངའ་ཁོངས་སུ་བར་སྣང་འཇབ་རྒོལ་དང་འཕུར་མདའི་འཇབ་རྒོལ་ཐེངས60བྱས་པ་དང་། ཐེངས་འདིའི་གནས་བབ་ཛ་དྲག་ཏུ་གྱུར་བའི་ཚུན་ལ་བསྡོམས་པས་རིགས་དེ་མཚུངས་ཀྱི་འཇབ་རྒོལ་ཐེངས་གྲངས་སྟོང་གཅིག་དང་བཞི་བརྒྱ་བཅུ་ལ་སླེབས་ཡོད་ཟེར།

སཱ་ལེ་ཡ་ཡིས་བཤད་རྒྱུར།   ཧུའུ་སའེ་དྲག་ཆས་པས་མུ་མཐུད་དུ་བཀག་སྡོམ་ལ་བརྟེན་ནས་བཀག་སྡོམ་དང་རིམ་སྤོར་ལ་བརྟེན་ནས་རིམ་སྤོར་བྱེད་པའི་བྱེད་ཐབས་སྤྱད་དེ་སོ་ཏི་ཨ་རབ་ཀྱིས་འཇབ་རྒོལ་མཚམས་འཇོག་པ་དང་།  ཧུའུ་སའེ་དྲག་ཆས་པའི་ཚོད་འཛིན་ཁུལ་གྱི་གྲུ་ཁ་དང་གནམ་གྲུ་ཐང་ལ་དམིགས་པའི་བཀག་སྡོམ་མེད་པར་བཟོ་རག་བར་དུ་རྒྱུན་བསྲིང་ངེས་ཡིན་ཟེར།

ཉེ་ལམ།  ཧུའུ་སའེ་དྲག་ཆས་པས་སྲིད་གཞུང་དམག་དཔུང་ལ་ཕར་རྒོལ་བྱེད་ཚད་ཇེ་མང་དུ་བཏང་བར་མ་ཟད།  ཡེ་མིན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་སོ་ཏི་ཨ་རབ་ལ་མཚོ་ཐོག་སྐྱེལ་འདྲེན་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཧུའུ་སའེ་དྲག་ཆས་པས་ཡེ་མིན་གྲུ་ཁའི་གྲོང་ཁྱེར་མུའུ་ཧ་དང་ཕི་ལིན་གླིང་ཕྲན་སོགས་འཐབ་ཇུས་ཀྱི་འགངས་གནས་བཙན་བཟུང་བྱས་ཡོད། ཡེ་མིན་སྲིད་གཞུང་ཕྱོགས་ཀྱིས་ཟླ9པའི་ཚེས11ཉིན་བཤད་རྒྱུར།   ཧུའུ་སའེ་དྲག་ཆས་པས་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་ཧྲིལ་བོ་ཚོད་འཛིན་བྱས་ཡོད་པར་མ་ཟད། ལྷོ་ཕྱོགས་ཀྱི་ལཱ་ཧོ་ཅི་ཞིང་ཆེན་དུ་ཕར་རྒོལ་བྱེད་རྩིས་ཡོད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།