ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བྱེད་སྒོ་སྤེལ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ77འཁོར་བར་རྟེན་འབྲེལ་ཞུས།
ཁུངས། ཀློག་གྲངས།

བསྟུད་མར་ཉིན་ཤས་རིང་།  རྒྱལ་ཁབ་མང་པོར་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་དང་གཞུང་ཚབ་ཚོགས་པས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་བསྡུ་བ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ77འཁོར་བར་རྟེན་འབྲེལ་ཞུས། 

ཉེ་ཆར།  ཁྲའོ་ཞན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས།   ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཚོགས་ལས་འགན་རྒྱུན་འཛུགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་ཧིན་ཀྲི་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་བསྟན་དོན།  ཀྲུང་གོའི་མི་དམངས་ཀྱིས་ཀུན་གྱིས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བཏོད་ཡོད་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཁྲའོ་ཀྲུང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་དུ་་གཏིང་ཟབ་ཏུ་གཏོང་འདོད་ཡོད།

ཨོ་སི་ཁྲུ་རི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཀྲུང་གོའི་ཝེ་ཡེ་ནའི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་བྱེད་པའི་འཐུས་ཚབ་ཚོགས་པས་ཐུན་མོང་སྒོས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་བསྡུས།   ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཟུར་པ།  ཨོ་ཀྲུང་མཛའ་མཐུན་ཚོགས་པའི་ཀྲུའུ་ཞི་ཧྥེ་ཧྲིག་ཨར་དང་།   ཨོ་ཕེ་ཁིའི་དྲུང་ཡིག་ཆེན་མོ་ཀའེ་སི་སོགས་སྣེ་ལེན་ཚོགས་འདུར་ཞུགས།     སྐུ་མགྲོན་ཚོས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས། 

འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུའི་སྟེང་།   སྐུ་མགྲོན་ཚོས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་མཉམ་དུ་ཕྱིར་དྲན་བྱས་པ་མ་ཟད།  ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རེ་སྒུག་བྱས། 

ཧ་སག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྡུས་པའི་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུའི་སྟེང་།  ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་པས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པས། དགའ་སྤྲོའི་ཡོ་ལང་རྒྱས།

ཐན་ཙན་ནི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་བསྡུས་པ་དང་།  ལས་རིགས་ཁག་གི་སྐུ་མགྲོན་གྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་བྱས་པ་མ་ཟད།  ཀྲུང་ཐན་མཛའ་འབྲེལ་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱས་ཡོད།

བསྟུད་མར་ཉིན་ཤས་རིང་།  ཁ་ཐར་དང་། ཨ་མན། པུར་ཀ་རི་ཡ། ཕེ་རུ། ཁོ་ལོམ་པི་ཡ། པོ་ཚི་ཝ་ན་སོགས་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་རྒྱལ་སྟོན་གྱི་སྣེ་ལེན་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་།  ཚོགས་ཞུགས་སྐུ་མགྲོན་ཚོས་ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་ཆེན་པོ་བྱས་པ་མ་ཟད།   ཀྲུང་གོར་མཉམ་ལས་བྱེད་པར་རེ་སྒུག་ཆེན་པོ་བྱས། 

​