དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོའི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་ཆམ་ཕབ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོའི་ཀྲིན་ཀྲུའུ་ཏང་གི་དམག་དོན་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་བཏང་སྟེ། ཀྲིན་ཀྲུའུ་ཏང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་བདེ་འཇགས་ས་ཁུལ་ནང་གི་དབྱི་སི་རལ་གྱི་དམག་དཔུང་ལ་མི་མེད་གནམ་གྲུས་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད།

དབྱི་སི་རལ་གྱི་དམག་དཔུང་གི་གསལ་སྒྲོག་ལས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣས་ཚེས26ཉིན་གྱི་ནམ་གུང་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་བདེ་འཇགས་ས་ཁུལ་ནང་དུ་འགུལ་སྐྱོད་བྱེད་པའི་དབྱི་སི་རལ་གྱི་དམག་མིར་མི་མེད་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྱས་ཀྱང་མི་སྣར་ཤི་རྨས་བྱུང་མེད་ཟེར།

དེའི་ལན་དུ་དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་མང་བོར་ཆམ་ཕབ་བཏང་བ་དང་། དེའི་ནང་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣས་དབྱི་སི་རལ་གྱི་དམག་མིར་མི་མེད་གནམ་གྲུ་དང་། ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའ་གཏོང་འཕེན་བྱེད་སའི་གནས་དང་། དམག་དོན་གྱི་རྨང་གཞིའི་སྒྲིག་ཆས་གཞན་པ་འདུས་ཡོད།

དབྱི་སི་རལ་དང་ཨ་མེ་རི་ཁ། ལེ་པཱ་ནུན་བཅས་ཀྱིས་ཟླ6པའི་ཚེས26ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་ནས་གྲོས་མོལ་ཡོངས་འགྲུབ་བྱས་རྗེས། སྒྲོམ་གཞིའི་གྲོས་མཐུན་བཀོད་པ་ཁྱབ་བསྒྲགས་བྱས། གྲོས་མཐུན་གྱི་རེ་བ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། ལེ་པཱ་ནུན་གྱི་དམག་དཔུང་གིས་ས་དེའི་བདེ་འཇགས་ལས་དོན་བདག་དམ་བྱེད་དགགོས་པ་རེད། ཡིན་ཡང་གྲོས་མཐུན་བཀོད་པའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་སྔར་བཞིན་ལེ་པཱ་ནུན་མངའ་ཁོངས་ཀྱི་དམིགས་འབེན་ལ་དམག་དོན་ཆམ་ཕབ་བཏང་བ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།

​