ཐི་ལིང་ཕུའུ་ཡིས་ཚོད་དཔག་བྱས་ན་ཨ་མེ་རི་ཁ་དང་དབྱི་ལང་གིས་མ་འོངས་པའི་ཉིན་འགའི་ནང་གྲོས་མོལ་སླར་གསོ་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས27ཉིན་བསྟན་དོན། ཁོས་ཚོད་དཔག་བྱས་ན་ཨ་མེ་རི་ཁ་དང་དབྱི་ལང་གིས་རྗེས་ཀྱི་གཟའ་འཁོར་གཅིག་ནང་གྲོས་མོལ་སླར་གསོ་བྱེད་ངེས་རེད་ཟེར།

ཨ་མེ་རི་ཁའི་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིསི་ཉིན་དེར་སྨྱན་བྱད་ཀྱི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཁོས་ནམ་རྒྱུན་དུ་བསམ་བློ་གཏོང་བ་ནི་དབྱི་ལང་ལ་དམིགས་པའི་དམག་དོན་ཆམ་ཕབ་དེ་སླར་གསོ་བྱེད་མིན་ཡིན་པ་དང་། ཞོར་དུ་ཨ་མེ་རི་ཁའི་དམག་དཔུང་གིས་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་རྡོ་སྣུམ་མང་བོ་ཕྱིར་སྐྱེལ་འདྲེན་བྱེད་པར་རོགས་རམ་བྱེད་བཞིན་ཡོད་ཟེར།

ས་ཁུལ་གྱི་གནས་ཚུལ་ཤེས་མཁན་ཞིག་གིས་བཤད་རྒྱུར། ཚོད་དཔག་བྱས་ན་ཨ་མེ་རི་ཁ་དང་དབྱི་ལང་གིས་ཆེས་སྔ་ན་ཚེས28ཉིན་སྐོར་ཐེངས་གསར་བའི་བརྒྱུད་པའི་གྲོས་མོལ་བྱེད་སྲིད་པ་དང་། ཁཱ་ཐར་སོགས་འདུམ་འགྲིག་ཕྱོགས་ཀྱིས་བར་འདུམ་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁ་དང་དབྱི་ལང་བར་གནད་འགག་གི་གནད་དོན་ཐད་འགལ་བ་ཆེན་པོ་གནས་ཡོད། དབྱི་ལང་གིས་གྲོས་མོལ་གྱི་ནང་དོན་གཙོ་བོ་དེ་ཧའོ་ཨར་མུའུ་ཙི་མཚོ་འགག་གི་འགྲུལ་བཞུད་དང་ཨ་མེ་རི་ཁས་དབྱི་ལང་གི་མཚོ་ཐོག་བཀག་སྡོམ་མེད་པར་གཏོང་བའི་ཐད་བཞག་ཡོད་ཀྱང་། ཐི་ལིང་ཕུའུ་སྲིད་གཞུང་གིས་དབྱི་ལང་གིས་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་འཐད་པ་འབྱུང་བའི་རེ་བ་འདོན་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།

​