སོ་ཏི་ཨ་རབ་ཀྱིས་ཧོ་ཨར་མུའུ་ཙི་མཚོ་འགག་ངེས་པར་དུ་དམག་འཁྲུག་སྔོན་གྱི་གནས་བབ་ཏུ་སླར་གསོ་བྱེད་དགོས་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་གྱིས་ཚེས26ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས81པའི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་གཏམ་བཤད་ཁྲོད་བཤད་རྒྱུར། ཧོ་ཨར་མུའུ་ཙི་མཚོ་འགག་དེ་ངེས་པར་དུ་ཟླ2པའི་ཚེས28ཉིན་གྱི་སྔོན་དུ་གནས་བབ་སླར་གསོ་བྱས་ཏེ། རིན་ཡོན་བསྡུ་བ་དང་བཀག་རྐྱེན་བཟོ་བ་སོགས་གཅིག་ཀྱང་བྱེད་མི་ཆོག་ཟེར།

ཧྥེ་ས་ཨར་གྱིས་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། མཚོ་ཁུག་གི་བདེ་འཇགས་དང་ས་ཁུལ། ཐ་ན་འཛམ་གླིང་གི་བདེ་འཇགས་བཅས་ནི་ཁ་འབྲལ་ཐབས་མེད་པ་ཞིག་རེད། དེའི་གཏན་འཇགས་ནི་འཛམ་གླིང་གི་ནུས་ཁུངས་བདེ་འཇགས་དང་། རྒྱལ་སྤྱིའི་ཉོ་ཚོང་གཏན་འཇགས། གོ་ལ་ཧྲིལ་བོའི་མཁོ་སྤྲོད་མུ་ཕྲེང་བཅས་ཀྱི་མཉེན་གཤིས་དང་ཐད་ཀར་འབྲེལ་བ་ཡོད་ཟེར། ཁོས་བསྟན་དོན། རྒྱལ་སྤྱིའི་མཚོ་འགྲུལ་བདེ་འཇགས་དང་གོ་ལ་ཧྲིལ་བོའི་མཁོ་སྤྲོད་མུ་ཕྲེང་གི་མཉེན་གཤིས་ལ་སྲུང་སྐྱོང་བྱེད་པ་ནི་ཐུན་མོང་གི་འགན་འཁྲི་ཞིག་ཡིན་པས། གཟབ་ནན་གྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་དགོས། ཁོས་ངེས་པར་དུ་རྒྱལ་སྤྱིའི་ཆུ་ལམ་ཚང་མའི་མཚོ་འགྲུལ་རང་དབང་ལ་ཁག་ཐེག་བྱེད་པ་དང་། དེའི་ཁྲོད་དུ་ཆེས་གལ་ཆེ་བ་ནི་ཧོ་ཨར་མུའུ་ཙི་མཚོ་འགག་དང་། མན་ཏི་མཚོ་འགག མཚོ་དམར་དང་ཡ་ཏིན་མཚོ་ཁུག་སོགས་འདུས་བཅས་འབོད་སྐུལ་བཏང་།

ཁོས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་ཕྱོགས་གང་རུང་གིས་ཆུ་ལམ་གལ་ཆེན་འདི་དག་རྒྱལ་ཁབ་གཞན་པའི་ཁེ་ཕན་ལ་གཉའ་གནོན་དང་འཇིགས་སྐུལ། ཡང་ན་གནོད་པ་སྐྱེལ་བའི་ཡོ་བྱད་དུ་བརྩི་བར་ངོ་རྒོལ་བྱེད་དགོས། དུས་མཉམ་དུ། སོ་ཏི་ཨ་རབ་ཀྱིས་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། གནས་བབ་ཞི་ལྷོད་དུ་གཏོང་བར་ཕན་པའི་འབད་བརྩོན་དང་དེའི་ཐད་ཀྱི་གྲོས་གཞི་འདོན་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ཨ་རི་དང་དབྱི་སི་རལ་གྱིས་ཟླ2པའི་ཚེས28ཉིན་མཉམ་འབྲེལ་སྒོས་དབྱི་ལང་ལ་སྔོན་རྒོལ་གྱི་ཐབས་ལམ་སྤྱད་དེ་དམག་དོན་རྡུང་རྡེག་བཏང་བ་དང་། དབྱི་ལང་གིས་དེར་མཐུད་ནས་ཕྱིར་རྒོལ་ལན་སྤྲད་པ་རེད། དེང་སྐབས། ཧོ་ཨར་མུའུ་ཙི་མཚོ་འགག་གི་མཚོ་འགྲུལ་ལ་མུ་མཐུད་དུ་བཀག་རྐྱེན་ཐེབས་ཡོད་ལ། སོ་ཏི་ཨ་རབ་ཀྱི་མ་བཅོས་རྡོ་སྣུམ་ཕྱིར་གཏོང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།