ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ནུབ་ཕྱོགས་ཀྱིས་ཨུ་རུ་སུར་བཀག་འགོག་བྱེད་ཆེད་ཡོ་རོབ་གླིང་གི་བདེ་འཇགས་མ་ལག་རྩ་གཏོར་དུ་གཏོང་ངེས་རེད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སུའི་སྨྱན་སྦྱོར་གྱི་གསར་འགོད་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཚེས26ཉིན་ཉིག་ཡོག་ཏུ་བཤད་རྒྱུར། ཨུ་རུ་སུར་བཀག་འགོག་བྱེད་ཆེད་ནུབ་ཕྱོགས་ཀྱིས་ཡོ་རོབ་གླིང་གི་བདེ་འཇགས་མ་ལག་དངོས་སུ་རྩ་གཏོར་དུ་གཏོང་ངེས་རེད་ཟེར།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས81པའི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་གཏམ་བཤད་ཁྲོད་ཝུའུ་ཁི་ལན་གྱི་གནད་དོན་གླེང་སྐབས་བཤད་རྒྱུར། ཡོ་རོབ་གླིང་གིས་ད་ལྟ་ནུས་ཤུགས་གང་ཡོད་བཏོན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཞི་བས་ཐག་གཅོད་བྱེད་པར་བཀག་འགོག་བྱས་ནས་གྲོས་མོལ་གྱི་མདུན་ལྗོངས་ལ་གཏོར་བརླག་གཏོང་བཞིན་ཡོད་ཟེར། ཁོས་བལྟས་ན། ནུབ་ཕྱོགས་ཀྱིས་ཨུ་རུ་སུའི་འཐབ་ཇུས་ཕམ་ཉེས་སུ་འགྲོ་བའི་སྟོང་བསམ་བཅངས་ཡོད་ཀྱང་། སྟོང་བསམ་འདི་དག་གིས་མཐར་མཇུག་དམག་འཁྲུག་གི་ངན་སྐུལ་པ་འཐབ་ཇུས་ཀྱི་མུན་དོང་དུ་འཕངས་སྲིད་པར་འདོད།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་དུས་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱེད་ཐབས་སྤྱད་ནས་དབུས་ཤར་དང་དེའི་མཐའ་འཁོར་ས་ཁུལ་གྱི་གནས་བབ་ལ་ཁ་ལོ་བསྒྱུར་བའི་འབོད་སྐུལ་བཏང་། ཁོས་བལྟས་ན། ཨ་རབ་རྒྱལ་ཁབ་དང་དབྱི་ལང་བར་གྱི་ཡིད་ཆེས་སླར་གསོ་བྱེད་རྒྱུ་ནི་ཧོ་ཨར་མུའུ་ཙི་མཚོ་འགག་དང་པའོ་སི་མཚོ་ཁུག་ས་ཁུལ་གྱི་གནས་བབ་གནད་དོན་ཐག་གཅོད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་པར་འདོད། ཁོས་དབྱི་ལང་གི་ཆེས་མཐོའི་འགོ་ཁྲིད་ཟུར་པ་ཧ་མེ་ནེ་དབྱི་དང་དབྱི་ལང་གི་དམག་སྲིད་འགོ་ཁྲིད་གཞན་པར་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ནི་དང་ལེན་བྱེད་ཐབས་མེད་པའི་བཙན་དབང་གི་ཐབས་ལམ་ཅིག་རེད་ཅེས་ནན་བཤད་བྱས།

ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སུ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མ་ཏུའུ་ལའོ་དང་ཁོའི་ལྕམ་མོ་གཉིས་མྱུར་དུ་གཏོང་བའི་བླང་བྱ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཟེར། ཁོས་ད་རུང་ཁུ་པའི་མཚོ་ཐོག་བཀག་སྡོམ་མེད་པར་གཏོང་རྒྱུ་མ་ཟད། དཔལ་འབྱོར་གྱི་བྱེད་ཐབས་སྤྱད་དེ་ཁུ་པའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ལེགས་སྒྱུར་གཏོང་དགོས་པའི་སྐུལ་མ་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།