
ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས26ཉིན་བཤད་རྒྱུར། ཁོས་བལྟས་ན་ཨ་རི་དང་ཁུ་པའི་བར་གྲོས་ཡིག་འགོད་ཐུབ་པས། ཨ་རི་ཕྱོགས་ཀྱིས་དམག་ཤུགས་བཀོལ་དགོས་དོན་མེད་ཟེར།
ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་ལྷོ་ཕྱོགས་ཀྱི་སྤང་ཐང་བརྒྱུད་ནས་ཐེན་ན་ཞི་མངའ་སྡེ་རུ་འགྲོ་བའི་ལམ་བར་དུ་སྨྱན་སྦྱོར་ལ་གོང་གི་སྐད་ཆ་དེ་བཤད་པ་རེད།
ཁུ་པའི་ཕྱི་འབྲེལ་པུའུ་ཀྲང་ལའོ་ཏི་ལེ་ཀི་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་གཏམ་བཤད་ཁྲོད་བཤད་རྒྱུར། ཨ་རིས་ཁུ་པ་ལ་བཀག་སྡོམ་བྱས་པ་ནི་ཐུན་མོང་ཆད་གཅོད་ཀྱི་བྱ་སྤྱོད་ཅིག་ཡིན་ལ། དམིགས་ཡུལ་ནི་ཁུ་པ་རུ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐེངས་གཅིག་སློང་འདོད་པ་དེ་རེད། ཁོས་དུས་མཉམ་དུ་བཤད་རྒྱུར། ཁུ་པས་ཨ་རི་ལ་འཇིགས་སྐུལ་ཐེབས་མི་སྲིད་པར་མ་ཟད། བདག་དབང་འདྲ་མཉམ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པའི་རྨང་གཞིའི་སྟེང་ཨ་རི་དང་གྲོས་མོལ་བྱེད་པའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
ཨ་རིས་དུས་ཡུན་རིང་བོར་ཁུ་པ་རྒྱལ་ཁབ་ལ་དཔལ་འབྱོར་དང་དངུལ་རྩའི་བཀག་སྡོམ་ལག་བསྟར་དང་། ཉོ་ཚོམ་འགྲུལ་ལམ་བཀག་པ་རེད། དེའི་རྗེས་སུ་ད་ལོར་སྔ་གཞུག་ཏུ་ཝེ་ནེ་ཙུའེ་ལ་དང་། དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་རྗེས། ཨ་རི་ཕྱོགས་ཀྱིས་ཡང་བསྐྱར་ཁུ་པར་འཇིགས་སྐུལ་བཏང་བར་མ་ཟད། ཁུ་པའི་གནོན་ཤུགས་སྔར་ལས་ཆེ་རུ་བཏང་ཞིང་། རྡོ་སྣུམ་བཀག་སྡོམ་ལག་བསྟར་བྱས་ཏེ་ཁུ་པའི་བཀག་སྡོམ་རྒྱ་བསྐྱེད། ཨ་རིའི་སྨྱན་སྦྱོར་གྱིས་དེ་སྔ་གནས་ཚུལ་སྤེལ་བར་གཞིགས་ན། ཐི་ལིང་ཕུའུ་སྲིད་གཞུང་གིས་ཁུ་པ་རྒྱལ་ཁབ་ལ་སྤྱོད་པའི་འཐབ་ཇུས་ཉིན་རེ་བཞིན་དུ་དཔལ་འབྱོར་བཀག་སྡོམ་དང་གནོན་ཤུགས་ཆེ་རུ་གཏོང་བར་ཁ་ཕྱོགས་ཡོད་པ་ལས། དམག་དོན་སྟོབས་ཤུགས་ཀྱི་བཀོད་སྒྲིག་བྱས་མེད།
རིག་འཛིན་སྒྲོལ་མས་བསྒྱུར།