དབྱི་ལང་གི་སྲིད་འཛིན་གྱིས་ཨ་རིའི་བར་གྱི་གྲོས་མོལ་ལ་ཡིད་ཆེས་བྱེད་ཐབས་མེད་ཟེར།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ཟླ9པའི་ཚེས26ཉིན། དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་ལང་གི་སྲིད་འཛིན་ཕེ་ཙི་ཞི་ཆི་དབྱང་གིས་ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རེས་སྐོར་རེ་རེའི་གྲོས་མོལ་བྱས་རྗེས། ཨ་རིས་འཇབ་རྒོལ་བྱེད་པ་དང་འབྲེལ་ཏེ་དཔའ་འབྱོར་གྱི་ཐད་ནས་བཀག་སྡོམ་གྱི་སྦྱོར་བ་རྩོམ་པའི་དབང་གིས། དབྱི་ལང་གིས་ཨ་རིའི་བར་གྱི་གྲོས་མོལ་ལ་ཡིད་ཆེས་བྱེད་ཐབས་མེད་ཟེར།

ཕེ་ཙི་ཞི་ཆི་དབྱང་གིས་ཁཱ་ཐར་དང་ཕ་ཁི་སི་ཐན་གྱིས་མིག་སྔར་དབྱི་ལང་དང་ཨ་རིའི་བར་འདུམ་འགྲིག་བྱེད་བཞིན་ཡོད་ཅིང་། གྲོས་མོལ་དེ་སྔོན་གྱི་ཨ་རིའི་བར་གྲོས་ཡིག་བཀོད་པའི་བཟོད་གསོལ་བརྗེད་ཐོ་གཞི་རྩར་བཟུང་ཡོད་ལ། “ཨ་རི་ཕྱོགས་ཀྱིས་ངེས་པར་དུ་དེའི་ཐད་ལངས་ཕྱོགས་གསལ་སྟོན་བྱེད་དགོས”ཟེར།

ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་ཐུག་འཕྲད་བྱེད་ཐུབ་མིན་གྱི་གནད་དོན་ལ་ལན་འདེབས་སྐབས། ཕེ་ཙི་ཞི་ཆི་དབྱང་གིས་བཤད་རྒྱུར། “ངས་ཨ་རིའི་སྲིད་འཛིན་དང་ཐུག་འཕྲད་བྱེད་དགོས་དོན་གང་ཡིན། དམིགས་ཡུལ་གང་ཡིན། དང་ཐོག་ང་ཚོས་གྲོས་ཡིག་ལ་མིང་རྟགས་བཀོད་ཀྱང་ཁོ་ཚོས་ཁས་ལེན་ལག་བསྟར་མ་བྱས་པ་རེད”ཟེར།

ཕེ་ཙི་ཞི་ཆི་དབྱང་གིས་ཧོ་འར་མུའུ་ཙི་མཚོ་འགག་གི་གནད་དོན་དེ་གྲོས་མོལ་བྱས་པ་བརྒྱུད་གཞི་ནས་ཐག་གཅོད་ཐུབ་པ་ལས་དྲག་ཤུགས་སྤྱོད་རྒྱུ་མིན། “བགྲོད་ལམ་ཁག་ཚང་མ་དབྱི་ལང་ལ་ཁ་གཏད་དེ་སྒོ་རྒྱག་སྐབས། ཧོ་འར་མུའུ་ཙི་མཚོ་འགག་གི་སྒོ་རྒྱག་ངེས་པ་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན”ཞེས་ནན་བཤད་བྱས།

ཕེ་ཙི་ཞི་ཆི་དབྱང་གིས་བཤད་རྒྱུར། ཁོས་དེ་སྔ་དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐ་པ·ཧ་མའེ་ནེ་དབྱི་དང་ཐུག་འཕྲད་ཐེངས་གཉིས་བྱས་པ་དང་། ཐུག་འཕྲད་ཐེངས་དང་པོ་དུས་ཚོད་གསུམ་ཙམ་བྱས་པ་དང་། ཐུག་འཕྲད་ཐེངས་གཉིས་པ་དུས་ཚོད་བདུན་དང་ཕྱེད་ཀའི་རིང་བྱས་པ་ཡིན་ཟེར།

ཡེ་མེན་ཧུའུ་སའེ་དྲག་ཆས་དང་སོ་ཏི་ཨ་རབ་བར་གྱི་འཁྲུག་རྩོད་སྐོར་གླེང་སྐབས། ཕེ་ཙི་ཞི་ཆི་དབྱང་གིས་བཤད་རྒྱུར། དབྱི་ལང་གིས་སོ་ཏི་ཨ་རབ་དང་ཡེ་མེན་ཧུའུ་སའེ་དྲག་ཆས་བར་གྱི་རྩོད་གཞི་ཐག་གཅོད་བྱེད་རོགས་བྱས་ཆོག་མོད། དབྱི་ལང་དམག་འཁྲུག་སློང་མཁན་དུ་འགྱུར་མི་རུང་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།