ཧན་ཀྲེང་གིས་གྷ་ནའི་སྲིད་འཛིན་མ་ཧ་མཱ་དང་མཇལ་འཕྲད་གནང་།
ཁུངས། ཀློག་གྲངས།

ས་གནས་དེ་གའི་དུས་ཚོད2026ལོའི་ཟླ9ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཉིའུ་ཡོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ་གྷ་ནའི་སྲིད་འཛིན་མ་ཧ་མཱ་དང་མཇལ་འཕྲད་གནང་།

ཧན་ཀྲེང་གིས་མ་ཧ་མཱ་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་བཟང་པོ་དང་སྨོན་འདུན་བཟང་པོ་ཞུས། ཧན་ཀྲེང་གིས་ཀྲུང་གོ་དང་གྷ་ནའི་མཛའ་འབྲེལ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོས་དངོས་སུ་བསྐྲུན་པ་ཞིག་ཡིན་པས་དུས་ཡུན་རིང་པོར་བརྟན་པོར་གནས་ཡོད། ན་ནིང་གི་ཟླ10པར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་སྐུ་ཞབས་སྲིད་འཛིན་མཆོག་དང་མཇལ་འཛོམས་མཛད་དེ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བ་དང་་ཀྲུང་གོ་དང་གྷ་ནའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་གྷ་ན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་དགོངས་དོན་གལ་ཆེན་དོན་འཁྱོལ་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་བྱེད་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་བཏང་སྟེ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་གྷ་ནའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྱུར་བརརེ་བ་བྱེད་བཞིན་ཡོད་ཅེས་བཤད།

ཧན་ཀྲེང་གིས་ཀྲུང་གོ་དང་གྷ་ན་རྒྱལ་ཁབ་གཉིས་ཀས་མི་རིགས་རང་བཙན་བརྩོན་ལེན་དང་རྒྱལ་ཁབ་བཅིངས་འགྲོལ་ཐོབ་པའི་བྱ་གཞག་ཁྲོད་མཛའ་མཐུན་ཟབ་མོ་བཙུགས་ཡོད་པ་དང་། འཛམ་གླིང་ལྷོ་ཕྱོགས་མཉམ་འབྲེལ་གྱིས་རང་ཉིད་སྟོབས་ཆེར་གཏོང་བ་དང་དར་རྒྱས་གོང་འཕེལ་གཏོང་བ་སོགས་ཀྱི་ཐད་ནས་ཐུན་མོང་གི་བསམ་འདུན་ཡོད། གནས་བབ་གསར་པའི་འོག་ཕྱོགས་གཉིས་ཀས་མུ་མཐུད་ནས་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་གྷ་ན་ཕྱོགས་དང་ལྷན་དུ་གཏེར་རྫས་ཐོན་ཁུངས་དང་ལྗང་མདོག་ནུས་ཁུངས། ལས་རིགས་གསོ་སྦྱོང་། ན་གཞོན་ཡར་རྒྱས་གཏོང་བ་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་སྤེལ་འདོད་ཆེན་པོ་ཡོད། གྷ་ན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཁེ་ལས་ཁག་གིས་མ་རྩ་འཇོག་སའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་པ་དང་སྒོ་ཁྲལ་མི་དགོས་པའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ་ཕན་ཚུན་ཁེ་ཕན་ཐོབ་པ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་ཐུབ་པ་ཡོང་བའི་རེ་བ་ཞུ་བཞིན་ཡོད།

མ་ཧ་མཱ་ཡིས་ཧན་ཀྲེང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་གྷ་ནའི་དབར་གྱི་འབྲེལ་བར་ལོ་རྒྱུས་རྨང་གཞི་བརྟན་པོ་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ལོ་མང་རིང་གྷ་ནར་རོགས་སྐྱོར་རོགས་རམ་རྩ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། གྷ་ན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་ནན་མོ་བྱེད་ཀྱིན་ཡོད་ལ། ཚོང་དོན་དང་མ་དངུལ་འཇོག་པ། གཏེར་རྫས། བཟོ་ལས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱེད་པ་དང་མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱས་ཏེ་ཕྱོགས་གཉིས་ཀའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་འདུན་པ་དྲག་པོ་བཅངས་ཡོད། གྷ་ན་ཕྱོགས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་སྒྲོམ་གཞིའི་འོག་གི་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དྲང་བདེན་ལུགས་མཐུན་གསར་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

མི་ཕམ་མགོན་པོས་བསྒྱུར།