
དབྱི་ལང་གི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་ཚེས25ཉིན་བཤད་རྒྱུར། དབྱི་ལང་གིས་ཁཱ་ཐར་བརྒྱུད་དེ་ཨ་རིའི་ཕྱོགས་སུ་ཧོའར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་འབྱེད་པའི་འཆར་གཞི་བརྒྱུད་བསྒྲགས་བྱས་པ་དང་། གལ་ཏེ་ཨ་རིས་དེའི་ཕྱོགས་ཀྱི་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་ཚེ། ཧོའར་མུའུ་ཙི་མཚོ་འགག་དེ་ཉིན་བདུན་གྱི་ནང་ཡང་བསྐྱར་སྒོ་འབྱེད་ཐུབ་ལ། མཚོ་ཐོག་སྐྱེལ་འདྲེན་རྒྱུན་ལྡན་དུ་འགྱུར་སྲིད་ཅེས་བསྟན།
ཨ་ལཱ་ཀི་ཆིས་ཡིས་ཉིའུ་ཡོའུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ཡིས་སྤེལ་བའི་གསར་འགོད་པའི་ཚོགས་འདུའི་སྟེང་གནས་ཚུལ་དེ་བསྒྲགས་པ་རེད། ཁོས་བཤད་རྒྱུར། ཨ་རིས་འཆར་གཞི་དང་ལེན་བྱས་པ་ནས་བཟུང་དུས་ཡུན་བརྩི་རྒྱུ་ཡིན་ལ། འཆར་གཞི་ལས་བཏོན་པའི་ཨ་རིའི་ཕྱོགས་ཀྱི་འགུལ་སྐྱོད་དེ་ཕལ་ཆེར་ཉིན་བཞི་ནས་ལྔ་ལ་ལག་ཏུ་བསྟར་དགོས་པས། ཨ་རིས་འཆར་གཞི་དང་ལེན་བྱས་པའི་ཉིན་དྲུག་པ་ནས་བཟུང་ནས་ཧོའར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་འབྱེད་ཐུབ་ལ། ཉིན་བདུན་པར། དབྱི་ལང་དང་ཨ་རི་གཉིས་ཀྱིས་མཇུག་མཐའི་གྲོས་ཆོད་ལ་དམིགས་ནས་གྲོས་མོལ་འགོ་བརྩམ་ཆོག་པ་བསྟན།
ཨ་ལཱ་ཀི་ཆི་ཡིས་བཤད་རྒྱུར། འཆར་གཞི་ལས་བཏོན་པའི་ཨ་རིའི་འགུལ་སྐྱོད་ནི་ཆ་རྐྱེན་གསར་བ་མིན་པར། ཟླ6པར་མིང་རྟགས་བཀོད་པའི་ཨ་རི་དང་དབྱི་ལང་གི་བཟོད་སྒོམ་བརྗེད་ཐོའི་ཁྲོད་ཨ་རིའི་ཕྱོགས་ཀྱིས་ཁས་བླངས་པའི་ནང་དོན་ཡིན་པ་བསྟན། གལ་ཏེ་ཨ་རིའི་ཕྱོགས་ཀྱིས་ཧོའར་མུའུ་ཙི་མཚོ་འགག་ཡང་བསྐྱར་སྒོ་འབྱེད་འདོད་ཡོད་ན། འཆར་གཞི་འདི་དང་ལེན་བྱས་ཚེ། ཧོའར་མུའུ་ཙི་མཚོ་འགག་དེ་ཉིན་བདུན་གྱི་ནང་བསྐྱར་དུ་སྒོ་འབྱེད་ཐུབ་པ་དང་། ད་ནི་ཨ་རིའི་གདམ་གསེས་བྱེད་པའི་སྐབས་སུ་བབ་ཡོད་པ་བསྟན།
ཨ་ལཱ་ཀི་ཆི་ཡིས་ད་རུང་བསྟན་དོན། དབྱི་ལང་གིས་བཙན་སྐུལ་དང་འཇིགས་སྐུལ་དང་ལེན་མི་བྱེད་པར་མ་ཟད། གནོན་ཤུགས་འོག་རང་ཉིད་ཀྱི་བདག་དབང་སྤྲོད་མི་སྲིད་པ་བསྟན།
ཨ་རི་དང་དབྱི་སི་རལ་གྱིས་ཟླ2པའི་ཚེས28ཉིན་དབྱི་ལང་ལ་དམག་དོན་འགུལ་སྐྱོད་སྤེལ་བ་དང་། དབྱི་ལང་གིས་ཨ་རི་དང་དབྱི་སི་རལ་གྱི་དབུས་ཤར་ས་ཁུལ་གྱི་དམག་དོན་རྟེན་གཞི་སོགས་ཀྱི་དམིགས་འབེན་ལ་ཚུར་རྒོལ་བྱས། འབྲེལ་ཡོད་ཕྱོགས་ཀྱིས་པེ་ཅིང་གི་དུས་ཚོད་ཟླ4པའི་ཚེས8ཉིན་གནས་སྐབས་དམག་འཁྲུག་མཚམས་འཇོག་རྒྱུ་བྱས། པེ་ཅིང་གི་དུས་ཚོད་ཟླ6པའི་ཚེས18ཉིན། ཨ་རི་དང་དབྱི་ལང་གིས་བཟོད་སྒོམ་བརྗེད་ཐོར་རྒྱང་བསྟེན་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས་ཀྱང་། ཡིན་ནའང་། དེའི་རྗེས་སུ་ཨ་རི་དང་དབྱི་ལང་བར་གྱི་དམག་དོན་འཇབ་རྒོལ་མཚམས་བཞག་མེད་པར་བརྟེན། ཧོའར་མུའུ་ཙི་མཚོ་འགག་གི་མཚོ་ཐོག་སྐྱེལ་འདྲེན་ལ་བཀག་རྒྱ་ཐེབས།
ལྷ་མོ་འཚོས་བསྒྱུར།