
རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཀྲུང་ཨའི་འབྲེལ་བ་དང་དེ་མིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་ཡིས། ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་བརླིང་དང་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མ་ཟད། ད་དུང་འཛམ་གླིང་ལའང་ཕན་པ་བསྐྲུན་ཐུབ་ངེས།
ཨ་རིའི་ཀྲུང་ཨའི་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཀུའུ་ཕུའུ་ཐ་ཡིས་བཤད་རྒྱུར།
ངས་བསམ་ན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་བྱས་པ་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན་པ་དང་། ཨ་ཀྲུང་གཉིས་ནི་གྲོགས་པོ་འགྱུར་དགོས་པ་ལས་འགྲན་ཡ་གཏན་ནས་མིན།
གཡོ་འགུལ་ཆེ་བའི་འཛམ་གླིང་དུ་ཡང་དག་པར་འབྲེལ་འདྲིས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་འོངས་པའི་ལོ5ཡི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་འབུམ་གཅིག་ཀྲུང་གོར་བརྗེ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱ་རྒྱུ་ཡིན་པ་བསྒྲགས་སོང་བས། རང་ཉིད་ལ་མཚོན་ན་བྱེད་ཐབས་འདི་ལ་ཧ་ཅང་དགའ་མོས་བྱེད་བཞིན་ཡོད་པ་དང་། ཨ་རིས་ཀྲུང་གོའི་མཁས་པ་དང་སློབ་མ་རྣམས་ལ་སྔར་ལས་ལྷག་པར་སྒོ་ཕྱེ་བའི་རེ་བ་ཡོད་པར་མ་ཟད། ངས་བལྟས་ན་འདི་ལྟ་བུའི་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་མེད་དུ་མི་རུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད།
ཨ་རིའི་ཁུན་ཞིས་རྒྱལ་སྐྱོང་ཐབས་ཇུས་ཞིབ་འཇུག་སའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཞིས་མོང་གིས་བཤད་རྒྱུར།
ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ལེགས་ཕྱོགས་ཀྱི་བརྡ་རྟགས་བརྒྱུད་སྤྲོད་བྱས་ཡོད་པ་དང་། ང་ཚོར་ལྟ་བ་མི་མཐུན་པ་དང་འགྲན་རྩོད་ཡོད་ན་ཡང་། ང་ཚོས་ལྟ་བ་མི་མཐུན་པ་དེ་གཏོར་བརླགས་རང་བཞིན་གྱི་འགལ་བ་རུ་འགྱུར་དུ་འཇུག་མི་རུང་བར། མཉམ་ལས་ལ་ཤུགས་བསྣན་ནས་རྒྱུན་མཐུད་རང་བཞིན་མངོན་འགྱུར་བྱུང་སྟེ། ཨ་རི་དང་ཀྲུང་གོ་ཕྱོགས་གཉིས་བར་གྱི་ཁེ་ཕན་གྱི་མཐུན་ཆ་གསལ་པོ་ཡོད་པ་དེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་འགྲོ་འོང་བྱས་པ་བརྒྱུད་ནས་ཕན་ཚུན་ཡིད་རྟོན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ན། སྔར་ལས་ལྷག་པའི་མཛེས་སྡུག་གི་མ་འོངས་པ་ཞིག་གསར་སྐྲུན་བྱེད་ཐུབ། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་གཉིས་ཡིན་པས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་གང་ཞིག་ཡིན་རུང་ཨ་རི་དང་ཀྲུང་གོ་བར་གྱི་མཉམ་ལས་དམ་ཟབ་མེད་པའི་གནས་ཚུལ་འོག་དོན་སྙིང་ཅན་གྱི་ཐག་གཅོད་ཇུས་གཞི་ཞིག་ཡེ་ནས་རྙེད་མི་ཐུབ་པར་འདོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་བྲང་དཀར་པོའི་དགའ་བསུའི་རྒྱལ་སྟོན་སྟེང་ཤིས་ཚིག་ཕུལ་སྐབས་བསྟན་དོན། ལོ80ལྷག་གི་སྔོན་དུ་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པར་རྒོལ་བའི་ལོ་རྒྱུས་ཡོད་ལ། དེ་མིན་ཨ་རིའི་བརྩེ་ལྡན་མི་སྣ་སའེ་ཁའོ་སི་ཀྲུང་གོའི་བྱེ་བཅོས་ནང་ཞུགས་པའི་བརྒྱུད་རིམ་ཡོད་པས། ཁོ་ཚོའི་གཏམ་རྒྱུད་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་མཛའ་མཐུན་འགྲོ་འོང་བྱས་པའི་དཔེ་མཚོན་ཞིག་རེད། སའེ་ཁའོ་སི་སོགས་ཀྱི་ཨ་རིའི་མི་སྣས་ཨ་ཀྲུང་གིས་བརྗེ་རེས་དང་མཉམ་ལས་ཇེ་ཟབ་དང་ཡུན་རིང་མཛའ་མཐུན་ཡོང་བར་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པ་བསྟན།
ཨ་རིའི་གྲོགས་པོ་སའེ་ཁའོ་སི་ཡིས་བཤད་རྒྱུར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་བྲང་དཀར་པོའི་དགའ་བསུའི་རྒྱལ་སྟོན་ཤིས་ཚིག་ཁྲོད་ང་རང་གླེང་བྱུང་བས། དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ལ་ཐུན་མོང་གི་ངོས་འཛིན་མི་ཉུང་བ་ཞིག་བྱུང་ཡོད་པས། ཐུན་མོང་གི་ངོས་འཛིན་འདི་དག་དོན་འཁྱོལ་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ལ། འདི་ནི་ཏག་ཏག་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་འདུན་ཡང་ཡིན།
ཨ་རིའི་དངོས་བཤུས་གློག་བརྙན་གྱི་འཁྲབ་ཁྲིད་པ་དང“ཏུའུ་ལི་ཐེའི་འགུལ་སྐྱོད”ཀྱི་ཨ་རིའི་དམག་མི་རྒན་པའི་རྗེས་རབས་པ་ལེ་ཐི་ལ་སི་ཡིས་བཤད་རྒྱུར།
ཨ་རི་དང་ཀྲུང་གོའི་གཙོ་འཛིན་གྱིས་མཇལ་འཕྲད་གྲོས་མོལ་བྱས་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ངས་སེམས་གཏིང་ནས་རྒྱལ་ཁབ་གཉིས་མཛའ་མཐུན་མཉམ་གནས་ཡོང་བའི་རེ་བ་བྱེད་བཞིན་ཡོད། ང་ལ་མཚོན་ན་སྔོན་ཆད་ཀྲུང་གོ་ནི་ལྐོག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། འོན་ཀྱང་ངས་ཚེ་འདས་སྤོ་བོ་ཡི་འཛམ་གླིང་འཁྲུག་ཆེན་གཉིས་པའི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པ་དང་། དེ་མིན“ཏུའུ་ལི་ཐེའི་འགུལ་སྐྱོད”ལ་ཞིབ་འཇུག་བྱས་པ་བརྒྱུད་དེ། རིམ་གྱིས་ཀྲུང་གོ་དང་ཀྲུང་གོའི་མི་དམངས་ལ་རྒྱུས་ལོན་བྱུང་ལ། རང་གི་འཆར་གཞི་ལའང་གློག་བརྙན་ཞིག་ཕབ་སྐྲུན་བྱས་ནས“ཏུའུ་ལི་ཐེའི་འགུལ་སྐྱོད”དང“རྒྱ་སྟག་རུ་ཁག”སོགས་ལོ་རྒྱུས་ཀྱི་དོན་རྐྱེན་དངོས་ཟིན་ཐོར་བཀོད་དེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་ཨ་རི་དང་ཀྲུང་གོའི་མཉམ་ལས་མངོན་པར་བྱ་རྩིས་ཡོད།
རྒྱལ་སྤྱིའི་མི་སྣས་བསྟན་དོན། ཀྲུང་ཨའི་འབྲེལ་གཏུག་ལ་ཤུགས་སྣོན་དང་མཉམ་ལས་མཉམ་གནས་ཀྱིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་བར་བྱས་རྗེས་མི་དམན་པ་བསྩལ་བར་མ་ཟད། རྒྱལ་ཁབ་གཞན་དག་གིས་མཉམ་ལས་བྱ་རྒྱུར་ཡང་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ།
སི་ལོ་ཝེ་ཉི་ཡའི་སྲིད་འཛིན་ཟུར་པ་ཐུའུ་ཨར་ཁི་ཡིས་བཤད་རྒྱུར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་ཨ་རིར་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་རྩ་ཇེ་ལེགས་སུ་གཏོང་བར་མ་ཟད། གོ་ལ་ཧྲིལ་པོའི་ཆབ་དཔལ་བརྟན་བརླིང་ལ་སྲུང་སྐྱོང་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བས། ཀྲུང་གོས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་གཟུགས་བརྙན་ལེགས་པར་མངོན་ཡོད། ངས་ཀྲུང་གོས་བཏོན་པའི་ཇུས་གཞི་ཡིས་མི་ཐབས་རིག་ནུས་སོགས་ཀྱི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྔར་ལས་ཞིབ་ཕྲ་དང་ཕན་འབྲས་ལྡན་པར་སྐུལ་འདེད་གཏོང་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧ་མ་ཏི་ཡིས་བཤད་རྒྱུར།
ཀྲུང་ཨའི་འགོ་ཁྲིད་པའི་ཐེངས་འདིའི་གྲོས་མོལ་ཧ་ཅང་གལ་འགངས་ཆེ་བས། གོ་ལ་ཧྲིལ་པོས་དོ་ཁུར་བྱེད་བཞིན་ཡོད་པ་དང་། ཀྲུང་ཨ་བར་གྱི་འབྲེལ་བས་འཛམ་གླིང་ཡོངས་ཀྱི་གནས་བབ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་ལས་གཙོ་བོར་འཛིན་པའི་འགྲན་རྩོད་ལ་ཕྱོགས་ཏེ། འགལ་བར་ཚོད་འཛིན་དང་ཞི་བདེ་ལ་རེ་སྒུག་བྱེད་པའི་ཕྱོགས་སུ་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། འདིས་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པར་མ་ཟད། གོ་ལ་ཧྲིལ་པོར་ཉམས་ཉེན་ལ་ཁ་གཏད་འཇལ་བར་ཇུས་གཞི་གལ་ཆེན་ཞིག་ཀྱང་མཁོ་འདོན་བྱས།
པ་ཞིའི་ཞིང་ལས་པུའུ་ཀྲང་ཨན་ཏེ་ལི་ཏེ་པའོ་ལ་ཡིས་བཤད་རྒྱུར།
འཛམ་གླིང་ཡོངས་ཀྱིས་ཀྲུང་ཨའི་འགོ་ཁྲིད་པའི་ཐེངས་འདིའི་མཇལ་འཕྲད་ལ་དོ་ཁུར་བྱེད་བཞིན་ཡོད་ལ། གོ་ལ་ཧྲིལ་པོར་གལ་འགངས་ཤིན་ཏུ་ཆེ་བའི་རྒྱལ་ཁབ་གཉིས་ཡིན་པའི་ཆ་ནས། ཀྲུང་ཨའི་བར་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྩི་འཇོག་བྱེད་དགོས་པར་མ་ཟད། ཐུན་མོང་གི་ཁེ་ཕན་ལ་དམིགས་ནས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་ན། འཛམ་གླིང་ཧྲིལ་བོས་འབྱུང་འགྱུར་ལ་སྔར་ལས་ལྷག་པའི་རེ་སྒུག་བྱེད་སྲིད།