
ཝུའུ་ཁི་ལན་གྱི་སྨྱན་སྦྱོར་གྱིས་ཚེས25ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ས་ཁུལ་མང་པོར་ཨུ་རུ་སིའི་་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ནས་མི་སྣ་མང་པོ་ཤི་རྨས་ཐེབས་ཡོད་པ་བསྟན། ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་ཨ་རི་དང་ཡོ་རོབ་གླིང་གིས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་སྤྱོད་པའི་འབོད་སྐུལ་བཏང་ཡོད་ཟེར།
ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་གྲོང་ཁྱེར་གྱི་འགོ་གཙོ་ཁི་ལི་ཆི་ཁི་ཡིས་ཚེས25ཉིན་སྤྱི་ཚོགས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། ཉིན་དེའི་སྔ་དྲོའི་ཆུ་ཚད10དང་སྐར་མ28བར་དུ། ཨུ་རུ་སིའི་དམག་དཔུང་གིས་ཅི་ཧྥུའུ་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་ནས་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་སྐྱོན་ཕོག་ཡོད་ལ། དེ་ལས་ཕེ་ཆེའར་སི་ཅི་ཁུལ་དུ་འཇབ་རྒོལ་ཐེབས་པ་ཚབས་ཆེ་བར་བརྟེན། མི་བདུན་ལ་རྨས་སྐྱོན་ཕོག་ཡོད་ཟེར།
ཙེ་ལན་སི་ཅི་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས། ཅི་ཧྥུའུ་ལས་གཞན། ཉིན་དེའི་སྔ་དྲོའི་བར། ཝུའུ་ཁི་ལན་གྱི་མངའ་སྡེ་བརྒྱད་ལ་བར་སྣང་འཇབ་རྒོལ་ཐེབས། འཇབ་རྒོལ་ལས་ཨོ་ཏི་སཱ་གྲོང་ཁྱེར་གྱི་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། སུའུ་མའེ་མངའ་སྡེ་དང་ཉི་ཀུའུ་ལཱ་ཡའེ་ཧྥུའུ་མངའ་སྡེ་རུ་མི་སྣར་རྨས་སྐྱོན་ཕོག་ཡོད་པ་བསྟན།
ཙེ་ལན་སི་ཅི་ཡིས་བཤད་རྒྱུར། དགུན་ཁ་སླེབས་ལ་ཉེ་བ་དང་བསྟུན། གལ་ཏེ་ཁོ་ཚོར་གནོན་ཤུགས་མ་བྱིན་ཚེ། ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་སྔར་ལས་རིམ་སྤོར་བྱ་ངེས་པ་བསྟན། ཁོས་ཨ་རི་དང་ཡོ་རོབ་གླིང་གིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་།
ལྷ་མོ་འཚོས་བསྒྱུར།