
སོ་ཏི་ཨ་རབ་དང་ཐུར་ཁེ། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་དམག་དོན་འགོ་ཁྲིད་པས་ཚེས25ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་ནས་ཚོགས་འདུ་འཚོགས་ནས། 《མེ་ཅཱ་ཐུན་མོང་འགོག་སྲུང་གྲོས་མཐུན》ནང་གི་ཁས་ལེན་ཁག་འཕྲལ་དུ་ལག་བསྟར་ནུས་ལྡན་བྱེད་པའི་དམག་དོན་མཉམ་ལས་ལ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།
སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་སྨྱན་སྦྱོར་སྟེང་ཐོག་གསལ་བསྒྲགས་སྤེལ་དོན། 《མེ་ཅཱ་ཐུན་མོང་འགོག་སྲུང་གྲོས་མཐུན》འཇོག་མཁན་རྒྱལ་ཁབ་ཁག་གི་དམག་དཔོན་གྱིས་དེ་རིང་ཚོགས་འདུ་འཚོགས་པ་བརྒྱུད། དམག་དཔུང་གསུམ་པོ་ཕན་ཚུན་བར་འབྲེལ་བ་ཟབ་ཏུ་གཏོང་ཐབས་སྐོར་གྲོས་མོལ་བྱས་པ་སྟེ། གསང་འཕྲིན་མཉམ་སྤྱོད་དང་དམག་དོན་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ་དང་ནུས་པ་ཟུང་འབྲེལ་བྱེད་པ་སོགས་ཚུད་ཡོད་པ་དེས་འཇིགས་སྐུལ་འགོག་པ་དང་མཉམ་སྡེབ་སྲུང་སྐྱོབ་བྱེད་ནུས་ཆེ་རུ་བཏང་ཡོད།
ཚོགས་འདུའི་ཐོག་ད་དུང་མིག་སྔའི་བདེ་འཇགས་གནས་བབ་དང་སོ་ཏི་ཨ་རབ་ཏུ་འཕྲད་བཞིན་པའི་ཉེན་ཁ་ལའང་དཔྱད་ཞིབ་བྱས། ཚོགས་མི་རྣམས་ཀྱིས་མེ་ཅཱ་དང་དེ་བཞིན་སོ་ཏི་ཨ་རབ་ཀྱི་དམངས་སྤྱོད་དཔལ་འབྱོར་རྨང་གཞིའི་སྒྲིག་བཀོད་ལ་དམིགས་ནས་རྒོལ་རྡུང་བཏང་བ་དེར་སྐྱོན་བརྗོད་དྲག་པོ་བྱས་ཤིང་། མཉམ་སྡེབ་སྲུང་སྐྱོབ་ཐད་དམ་བཅའ་བརྟན་པོ་བཞག་པ་བསྐྱར་བསྒྲགས་ཀྱིས། སོ་ཏི་ཨ་རབ་ཀྱི་བདེ་འཇགས་དང་བདག་དབང་མངའ་ཁོངས་ཆ་ཚང་མཉམ་དུ་སྲུང་སྐྱོང་བྱ་རྒྱུར་མོས་མཐུན་བྱུང་བ་རེད།
སོ་ཏི་ཨ་རབ་དང་ཐུར་ཁེ། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱིས་ཟླ8ཚེས7ཉིན《མེ་ཅཱ་ཐུན་མོང་འགོག་སྲུང་གྲོས་མཐུན》ལ་མིང་རྟགས་བཀོད་པ་ཡིན། གྲོས་མཐུན་དེའི་ནང་དོན་ལྟར་ན། རྒྱལ་ཁབ་དེ་གསུམ་གང་རུང་ཞིག་ལ་དྲག་ཤུགས་ཀྱིས་རྒོལ་བ་ནི་རྒྱལ་ཁབ་ཡོངས་ལ་དམིགས་པ་ལྟ་བུར་བརྩི་རྒྱུ་ཡིན་པ་གཏན་འབེབས་བྱས་ཡོད།
ཉེ་ཆར་ཡེ་མེན་ཧུའུ་སེ་དྲག་ཆས་ཚོགས་པ་དང་སྲིད་གཞུང་ཕྱོགས་གཏོགས་སུ་གྱུར་པའི་སོ་ཏི་ཨ་རབ་དབར་འཁྲུག་རྩོད་རྒྱུན་ཆད་མེད་པར་ཛ་དྲག་ཏུ་ཕྱིན་ཏེ། ཕྱོགས་གཉིས་ཀས་ཕན་ཚུན་ལ་འཕུར་མདེལ་དང་མི་མེད་གནམ་གྲུས་འཇབ་རྒོལ་ཡང་ཡང་བྱེད་ཀྱིན་འདུག
མི་ཕམ་མགོན་པོས་བསྒྱུར།