
ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས24ཉིན་གྱི་དགོང་མོར་ཧྥ་རན་སིའི་བརྙན་འཕྲིན་ཁང་གཉིས་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧྥ་རན་སི་ཡིས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་བསྡུས་ནས་འཐབ་ཇུས་ཀྱི་གསོག་འཇོག་རྡོ་སྣུམ་ཕྱིར་བཏང་སྟེ་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་གཏན་འཇགས་ཡོང་བར་བྱེད་པའི་ཐད་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།
ཉེ་སྔོན་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་རྡོ་སྣུམ་རིན་གོང་ཇེ་མཐོར་བཏང་། མཱ་ཁི་ལུང་གིས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཇི་ལྟར་ཕན་ཚུན་མཐུན་སྦྱོར་བྱེད་པའི་ཐབས་ཀྱིས་ཚོང་རའི་ནང་འཐབ་ཇུས་ཀྱི་གསོག་འཇོག་རྡོ་སྣུམ་ཕྱིར་བཏང་སྟེ་རྡོ་སྣུམ་གྱི་རིན་གོང་ཇེ་དམའ་རུ་གཏོང་བར་ཞིབ་འཇུག་བྱས་ཆོག་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། དབྱི་ལང་གི་གནས་བབ་ནི་གོ་ལ་ཧྲིལ་བོའི་རྡོ་སྣུམ་རིན་གོང་ཇེ་མཐོར་སོང་བའི་རྒྱུ་རྐྱེན་གཙོ་བོ་རེད། ཧྥ་རན་སི་ཡིས་ས་ཁུལ་གྱི་གཏན་འཇགས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། དེ་ལས་གཞན་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་རྡོ་སྣུམ་རིན་གོང་ལའང་ཤུགས་རྐྱེན་ཐེབས་ཡོད་ལ། ཧྥ་རན་སི་ཡིས་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ནུས་ཁུངས་དམིགས་འབེན་ལ་ཆམ་ཕབ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།