ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོས་ནུས་ཁུངས་ཚུལ་བསྒྱུར་གྱི་ལམ་ཐིག་ཇུས་གཞི་གཏན་འབེབས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས23ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་རྩེ་ཚོགས་སྟེང་རྒྱལ་ཁབ་སོ་སོས་ལག་བསྟར་བྱས་ཆོག་པའི་ནུས་ཁུངས་ཚུལ་བསྒྱུར་གྱི་ལམ་ཐིག་ཇུས་གཞི་གཏན་འབེབས་བྱས་ཏེ། དུས་ཚོད་རེའུ་མིག་གསལ་བོ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངུལ་གཏོང་ལ་ཤུགས་སྣོན་བྱས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཛམ་གླིང་གིས་ནམ་ཟླའི་དྲང་བདེན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་དྲག་ཏུ་གཏོང་བཞིན་ཡོད་ཅིང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་དངུལ་གཏོང་ཐད་ནས་ང་ཚོས་ངེས་པར་དུ་བྱ་སྤྱོད་ལ་བརྟེན་ནས་འབོད་སྐུལ་དེ་དང་ལེན་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་སོ་སོས་ནམ་ཟླའི་འགུལ་སྐྱོད་ཐད་ཀྱི་མ་དངུལ་གཏོང་ཤུགས་ཇེ་རུ་གཏོང་དགོས་པའི་འབོད་སྐུལ་བཏང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྣེ་ཁྲིད་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཉུང་མཐར་ཡང་མེ་སྒོར་ཁྲག་ཁྲིག་གསུམ་གྱི་ནམ་ཟླའི་དངུལ་གསོག་མ་དངུལ་བསྡུ་དགོས་པ་དང་། 2035ལོའི་བར་གོ་ལ་ཧྲིལ་བོའི་ནམ་ཟླའི་དངུལ་གསོག་གཞི་རྒྱ་དེ་ལོ་རེར་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ལ་ཇེ་མཐོར་གཏོང་བར་བརྩོན་ལེན་བྱེད་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ད་རུང་བསྟན་དོན། ངེས་པར་དུ་ཡང་བསྐྱར་བེད་སྤྱད་ཆོག་པའི་ནུས་ཁུངས་དང་གློག་དྲ། ནུས་གསོག་སྒྲིག་ཆས་བཅས་ཁ་སྣོན་བྱས་ཏེ། མི་ཐབས་རིག་ནུས་དང་བཅས་པའི་མགྱོགས་མྱུར་ངང་འཕར་བའི་གློག་ཤུགས་དགོས་མཁོ་བསྐང་དགོས་ཟེར།

ཁོས་ད་རུང་ནན་གྱིས་བསྟན་དོན། ངེས་པར་དུ་ནུས་ཁུངས་ཚུལ་བསྒྱུར་གྱི་འདྲ་མཉམ་དྲང་བདེན་ལ་འགན་སྲུང་བྱས་ནས། ལས་ཞུགས་གསར་གཏོད་དང་སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་པའི་ཞོར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ཐག་གཅོད་རང་བཞིན་གྱི་ཚུལ་བསྒྱུར་འཕེལ་རིམ་ནང་ཞུགས་སུ་བཅུག་སྟེ་ཁེ་སྤོགས་མཉམ་སྤྱོད་བྱེད་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།