
རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ9པའི་ཚེས1ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་གདེང་འཇོག་མཐོན་པོ་བྱས་ནས། གསུང་བཤད་ཀྱིས་ཁུལ་ཁོངས་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་ཐད་མཛུབ་ཁྲིད་གལ་ཆེན་འདོན་སྤྲོད་བྱས་ཡོད་པར་འདོད།
ཨུ་ཟ་བྷེ་ཁི་སི་ཐན་ཕྱི་འབྲེལ་སྲིད་ཇུས་ཞིབ་འཇུག་དང་རྒྱལ་སྤྱིའི་གྲོས་འདོན་ལྟེ་གནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་པུའུ་ཡི་ཀྲུའུ་རེན་ དབྱི་ཨར་ཅ་ཧྲེ་ཧྥུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཐད་བཏོན་པའི་བཞེད་དགོངས་ལ་ད་ལྟའི་གནས་བབ་འོག་མངོན་སུམ་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན། ཁོང་གིས་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་གླེང་མོལ་གྲོས་མོལ་ཀྱི་བཞེད་དགོངས་བཏོན་ལ། དྲང་བདེན་སྒྲིག་ཡོད་ཀྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་གྱི་ལས་དོན་མཉམ་གྲོས་མཉམ་གླེང་བྱེད་པ་མཐའ་འཁྱོངས་བྱེད་ཀྱིན་ཡོད། དེ་ལས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཕྱོགས་མང་མཉམ་ལས་ཀྱི་དཔེ་མཚོན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་ངེས་རེད་ཟེར།
ཧ་སག་སི་ཐན་ཕྱི་འབྲེལ་པུའུ་ཕྱི་ཕྱོགས་སྲིད་ཇུས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཐ་རེ་ནོ་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་མང་པོ་བཏོན་ཡོད་པ་དང་། དེའི་ནང་ཉོ་ཚོང་དངུལ་གཏོང་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་འདུ། གོ་ལ་ཧྲིལ་བོའི་ཆབ་སྲིད་ཐད་འགྱུར་ལྡོག་ཆེ་བ་དང་དཔལ་འབྱོར་འཕེལ་རྒྱས་ཐད་འགྲན་རྩོད་ལ་འཕྲད་པའི་དེང་སྐབས་སུ། ཀྲུང་གོས་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་བ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་སྣང་ཟེར།
ཨུ་རུ་སུ་དཀར་པོའི་གྲོས་ཁང་འོག་མའི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལཱ་ཆི་ཁོའོ་ཧྥུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུལ་ཁོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས་ཞེས་གསུང་བ་དང་། ངས་བསམ་ན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ནི་མིག་སྔའི་ཉེན་ཁ་དང་འགྲན་རྩོད་སེལ་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ། དྲང་སྙོམས་དྲང་བདེན་སྲུང་སྐྱོང་དང་ཕྱོགས་སོ་སོའི་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ཐད་ཕན་པ་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དུས་རབས་ཀྱི་དགོས་མཁོ་དང་མཐུན་པས། མདུན་ལམ་ཆེན་པོ་ལྡན་ཟེར།
ཁམ་ཕུ་ཁྲེའི་ཝང་ཅ་ཞིབ་འཇུག་གླིང་ཀྲུང་གོ་ཞིབ་འཇུག་ཁང་གི་འགོ་གཙོ་ཀུའོ་དབྱིང་ལུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲིད་ཇུས་བཞེད་དགོངས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འདིའི་ཁྱིམ་གཞིས་ཆེན་པོའི་ཁྲོད་ཀྱི་རྒྱལ་ཁབ27བར་གྱི་མཉམ་འབྲེལ་མཉམ་ལས་ཇེ་ཟབ་ཏུ་གཏོང་ངེས་པ་དང་། ཁམ་ཕུ་ཁྲེ་ལ་མཚོན་ནས་བཤད་ན་འདི་ནི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་ཡིན་ལ། ཀྲུང་གོ་ཕྱོགས་ཀྱི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་དར་རྒྱས་འགྲོ་བར་རོགས་འདེགས་བྱེད་ཐུབ་ཟེར།
རྒྱལ་སྤྱིའི་མི་སྣས་ཀྲུང་གོས་ཕྱོགས་མང་མཉམ་ལས་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་མི་འདྲ་བའི་བར་གྱི་གྲོས་མོལ་ལ་ཤུགས་སྣོན་པ་དང་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུ་བར་སྐུལ་འདེད་བཏང་སྟེ། ངེས་གཏན་མེད་པའི་འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་རྟགས་སྔར་ལས་མང་པོ་བཏང་ཡོད་ཟེར།
པཱ་ཞི་ཚོང་ལས་གཙོ་འཛིན་རྩ་འཛུགས་ཀྲུང་གོའི་ཁུལ་གྱི་དབུ་བཞུགས་ལག་བསྟར་དཔོན་ཧོ་སའེ·ལི་ཁ་ཏུའོ་ཡིས་བཤད་རྒྱུར། 2013ལོའི་ཚུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་ལོ་ལྟར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཀྱི་མདུན་ལམ་ལ་དོ་ཁུར་དང་མིའི་རིགས་ཀྱི་ཐུན་མོང་གི་ཁེ་ཕན་གཙིགས་འཛིན་བྱེད་ཀྱིན་ཡོད་ཟེར། དེ“ཧྲང་ཧའེ་ཡི་སྙིང་སྟོབས”ཁྲོད་ཀྱི“ཐུན་མོང་འཕེལ་རྒྱས་བརྩོན་ལེན་དོན་གཉེར་བྱེད་པ་”དང་ཧ་ཅང་མཐུན་ལ། དེ་ལས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་གོ་སྐབས་གསར་པ་བསྐྲུན་ཡོད་ཟེར།
ཨ་ཧྥེ་རི་ཁ་ལྷོ་མའི་གཡོད་ཧན་ནེ་སི་པའོ་སློབ་ཆེན་གྱི་ཞིབ་འཇུག་པ་ ཨེན་ཁཱ་ལཱ་ཡིས་བཤད་རྒྱུར། ལོ་ངོ25རིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱུན་མཐུད་ངང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རིན་ཐང་འདུ་ཤེས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་ཚད་མཐོའི་གཅིག་གྱུར་བྱུང་ཡོད་པས། ཕྱོགས་མང་མཉམ་ལས་ཐད་འགུལ་སྐྱོད་ཀྱི་ཁྲིད་སྟོན་གསལ་པོ་འདོན་སྤྲོད་བྱས་ཡོད་ཟེར།
ཕོ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་དང་དཔལ་འབྱོར་པུའུ་ཀྲང་ཡཱ་ནུའུ་ཧྲི·ཕི་ཡེ་ཧོ་ཆིན་སི་ཅི་ཡིས་བཤད་རྒྱུར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ཐོག་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་བ་དང་། ཀྲུའུ་ཞིས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་ལག་བསྟར་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་། གྲོས་འགོ་འདིས་སྒོ་འབྱེད་དཀྱེལ་ཡངས་མཐའ་འཁྱོངས་བྱས་ཏེ། དོན་དངོས་ཐོག་གི་ཕྱོགས་མང་རིང་ལུགས་ལག་བསྟར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་ཟིལ་དང་གོ་གནས་སྲུང་སྐྱོང་བྱེད་རྒྱུ་ནན་བཤད་བྱས་ཡོད་ལ། དེ་ང་ཚོ་ཕྱོགས་སོ་སོའི་འགལ་བ་ཇེ་ཉུང་དུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་འཚོལ་ཞིབ་བྱེད་པ། གླེང་མོལ་དང་མཉམ་ལས་ཀྱི་སྒོ་མོ་འབྱེད་པར་ཕན་པ་ཡོད་ཟེར།