དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཧཱ་མཱ་སིའི་མཐོ་རིམ་ཁོངས་མི་ཞིག་འཛིན་བཟུང་བྱས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཁཱ་ཚི་ཡིས་ཟླ9བའི་ཚེས1ཉིན་བཤད་རྒྱུར། ཅང་མ་འགོར་བའི་སྔོན་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མཐོ་རིམ་ཁོངས་མི་ཞིག་འཛིན་བཟུང་བྱས་ཟེར། འོན་ཀྱང་ཁཱ་ཚི་ཡིས་མི་སྣ་དེའི་ཐོབ་ཐང་གསལ་བོར་མ་བཤད་པ་དང་། འཛིན་བཟུང་བྱེད་པའི་རྒྱུ་རྐྱེན་དང་སུས་འཛིན་བཟུང་བྱས་པའང་གསལ་བོར་བཤད་མེད།

ཁཱ་ཚི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། དབྱི་སི་རལ་ཕྱོགས་ཀྱི་སྲིད་ཇུས་ནི་འཇིགས་ཉེན་འབྱུང་བར་ངང་སྒུག་བྱེད་མི་སྲིད་པར་རང་འགུལ་གྱིས་ཧཱ་མཱ་སིའི་ཁོངས་མི་བདའ་འདེད་དང་དེས་འགུལ་སྐྱོད་སྤེལ་ནས་འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཕམ་ཉེས་སུ་གཏོང་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་བཤད་རྒྱུར། འཛིན་བཟུང་བྱས་པའི་དྲག་ཆས་མི་སྣ་དེ་ནི་ཧཱ་མཱ་སིའི་བདེ་འཇགས་ལས་ཁུངས་ཀྱི་འགན་ཁུར་བ་ཞིག་རེད་ཟེར།

དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་བར་རོགས་ལས་འཐབ་འཁྲུག་བྱེད་པའི་དམངས་དམག་རྩ་འཛུགས་ཤིག་གི་ཁོངས་མི་ཟླ9བའི་ཚེས1ཉིན་ཅཱ་ཧྲ་མཁར་དུ་ཡོང་ནས། ཧཱ་མཱ་སིའི་མཐོ་རིམ་བཀོད་འདོམ་དཔོན་པོ་ཞིག་འཛིན་བཟུང་བྱེད་རྩིས་བྱས་པ་དང་། དེའི་རྗེས་སུ་དཔུང་འཇུག་དྲག་པོ་བྱས་ཟེར། བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་མཁའ་དམག་གིས་ས་ཁུལ་དེའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དམངས་དམག་རྩ་འཛུགས་ཀྱི་ཁོངས་མི་དག་ཕྱིར་འཐེན་བྱེད་པར་སྟབས་བདེ་བཟོས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།