ལེ་པཱ་ནུན་དང་དབྱི་སི་རལ་གྱིས་རོ་མཱ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ཐཱ་ལེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཐུས་མིས་ཚེས14ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་ཏེ། སྒྲོམ་གཞིའི་གྲོས་མཐུན་དངོས་འབེབས་བྱེད་པ་དང་དབྱི་སི་རལ་གྱི་དམག་དཔུང་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཐེངས་འདིའི་གྲོས་མོལ་ནི་དབྱེ་ཐཱ་ལེ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ནས་སྤེལ་བ་དང་། ཚོགས་ཡུན་ཉིན་གཉིས་རེད། དེ་ནི་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཟླ6པའི་ཚེས26ཉིན་ཨ་མེ་རི་ཁའི་བར་འདུམ་འོག་སྒྲོམ་གཞིའི་གྲོས་མཐུན་བཀོད་རྗེས་ཀྱི་གྲོས་མོལ་ཐོག་མ་རེད། གྲོས་མཐུན་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་རིམ་བཞིན་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། ལེ་པཱ་ནུན་གྱི་དམག་དཔུང་གིས་འབྲེལ་ཡོད་ས་ཁོངས་བདག་དམ་བྱེད་རྒྱུ་མ་ཟད། ས་གནས་དྲག་ཆས་རྩ་འཛུགས་ཀྱིས་མཚོན་ཆ་བསྐྱུར་བར་སྐུལ་འདེད་བཏང་སྟེ། མཇུག་མཐར་འཁྲུག་རྩོད་མཚམས་འཇོག་པ་དང་དུས་ཡུན་རིང་བོའི་ཞི་བདེ་མངོན་འགྱུར་བྱེད་པར་ཆ་རྐྱེན་བསྐྲུན་རྒྱུ་རེད།

དབྱི་ཐཱ་ལེའི་ཨན་ཧྲ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སྐོར་ཐེངས་འདིའི་གྲོས་མོལ་དེས་གཙོ་བོ་མིག་སྔར་དབྱི་སི་རལ་གྱི་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཚོད་ལྟའི་ས་ཁོངས་གཉིས་ལ་དམིགས་ནས་སྤེལ་བ་རེད། ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གྱིས་རྒྱལ་ཁབ་རང་གི་འཐུས་ཚབ་ཚོགས་པས་དབྱི་སི་རལ་ཕྱོགས་ཀྱིས་མྱུར་མོར་གོང་སྨྲས་ཀྱི་ས་ཁོངས་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཐེངས་འདིའི་གྲོས་མོལ་གྱིས་གྲོས་མཐུན་དངོས་འབེབས་བྱེད་པའི་ཐད་ནས་བྱེ་བྲག་གི་གྲུབ་འབྲས་དངོས་ལོན་པར་བཞིན་ཡོད་ཟེར། དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཨར་གྱིས་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱིས་ཚོད་ལྟའི་ས་ཁོངས་དེ་གཉིས་ཀྱི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བར་གྲ་སྒྲིག་བྱས་ཡོད་ཟེར།

དབྱི་ཐཱ་ལེའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཐཱ་ཡཱ་ནེ་ཡིས་བསྟན་དོན། དབྱི་ཐཱ་ལེ་ཕྱོགས་ཀྱིས་རང་འགུལ་ངང་ཐེངས་འདིའི་གྲོས་མོལ་གྱི་སྒྲུབ་འགན་ཁུར་བར་ཁས་ལེན་བྱས་པ་དང་། མུ་མཐུད་དུ་ལེ་པཱ་ནུན་དུ་ངེས་པ་དོན་གྱིས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།