
ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས12ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཆབ་སྲིད་འཐབ་ཇུས་གསར་བ་དངོས་འབེབས་བྱེད་པར་འགན་སྲུང་བྱེད་ཆེད། ཁོས་ནེ་ཀི་བསྐྱར་འཛུགས་བྱེད་རྒྱུ་ཐག་བཅད་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཁོས་ཉིན་དེར་ཝུའུ་ཁི་ལན་གྱི་ཙུང་ལི་སི་ཝེ་ལི་ཅན་ཁི་དང་མཉམ་དུ་ནེ་ཀིའི་ལེགས་སྒྲིག་གི་ནང་དོན་ཞིབ་རྒྱས་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད་ནེ་ཀི་བསྐྱར་འཛུགས་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར། ཁོས་སི་ཝེ་ལི་ཅན་ཁི་ཡིས་ཙུང་ལིའི་འགན་ཁུར་བའི་སྐབས་སུ་ཕན་ནུས་ལྡན་པའི་བྱ་བ་བསྒྲུབས་པར་བཀའ་དྲིན་ཞུས་པ་དང་། ཁོ་མོས་ཁྱབ་ཁོངས་གསར་བ་ཞིག་གི་བྱ་བར་འགན་ཁུར་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་གྱི་ཏང་ཁག་སོ་སོ་དང་མཉམ་དུ་ཝུའུ་ཁི་ལན་གྱི་ནེ་ཀིའི་བསྐྱར་འཛུགས་ཡོངས་འགྲུབ་བྱེད་འདོད་ཡོད། དེ་ལས་གཞན་ཝུའུ་ཁི་ལན་གྱི་ཁྲིམས་བསྟར་ལས་ཁུངས་ཀྱི་འགན་ཁུར་བར་ཡང་ལེགས་སྒྲིག་བྱེད་རྒྱུ་ཡིན་ཟེར།
ཙེ་ལིན་སི་ཅི་ཡིས་སི་ཝེ་ལི་ཅན་ཁིའི་མ་འོངས་པའི་ལས་གནས་དང་ཁོ་མོའི་རྗེས་འཇུག་པ་སུ་ཡིན་གསལ་བོར་བཤད་མེད་ཀྱང་། ཝུའུ་ཁི་ལན་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་ཉིན་དེར་གྲོས་མི་རི་ལེ་ཙི་ནེ་ཡཱ་ཁིའི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། སི་ཝེ་ལི་ཅན་ཁི་ཡིས་ད་ལྟའི་ལས་གནས་དང་བྲལ་ནས་ཨ་མེ་རི་ཁར་སྡོད་པའི་ཝུའུ་ཁི་ལན་གྱི་གཞུང་ཚབ་པའི་འགན་ཁུར་ངེས་རེད་ཟེར། རི་ལེ་ཙི་ནེ་ཡཱ་ཁི་ཡིས་བཤད་རྒྱུར། མིག་སྔར་ཙུང་ལི་གསར་བའི་འདེམ་སྒུག་མི་སྣ་གཏན་འཁེལ་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།