
ཟླ7པའི་ཚེས10ཉིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཧང་ག་རིས་ཕུལ་བའི་པར་གཞི་གསར་པའི་སླར་གསོ་དང་མཉེན་གཤིས་འཆར་གཞིར་དངོས་སུ་གྲོས་འཆམ་བྱུང་ནས་ཆོག་མཆན་བཀོད། འཆར་གཞི་དེས་སྔོན་དཔག་བྱས་ན་ཧང་ག་རིར་ཁྱོན་བསྡོམས་ཡོ་སྒོར་ཐེར་ཆེན་གཅིག་ལྷག་གི་རྒྱབ་སྐྱོར་བྱེད་རྒྱུ་རེད།
ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། མ་དངུལ་དེའི་ནང་ཡོ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་ལྔ་ལྷག་ནི་བྱིན་དངུལ་ཡིན་པ་དང་། ཡོ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་ལྷག་ནི་དངུལ་བུན་ཡིན།
ཧང་ག་རིའི་ཙུང་ལི་མའོ་ཅའོ་ཨེར·པི་ཏེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་བཤད་རྒྱུར། ཡོ་རོབ་མནའ་འབྲེལ་གྱི་མ་དངུལ“མི་རིང་བར་དམིགས་སར་འབྱོར་རྒྱུ”ཡིན་པ་དང་། མ་དངུལ་དེ་དག་འགྲིམ་འགྲུལ་དང་ནུས་ཁུངས། སྨན་བཅོས་སོགས་ཁྱབ་ཁོངས་སུ་བཀོལ་རྒྱུ་ཡིན་ཟེར།
སླར་གསོ་དང་མཉེན་གཤིས་འཆར་གཞི་དེ་ནི“མི་རབས་རྗེས་མའི་ཡོ་རོབ་མནའ་འབྲེལ”གྱི་འཆར་གཞིའི་ཁོངས་སུ་གཏོགས་པ་དང་། དེ་ཡོ་རོབ་མནའ་འབྲེལ་གྱིས་བཏོན་པའི་གཞི་ཁྱོན་ཆེ་བའི་ནོར་སྲིད་རྒྱབ་སྐྱོར་འཆར་གཞི་ཞིག་ཡིན། 2022ལོར། ཡོ་རོབ་མནའ་འབྲེལ་གྱིས་ཧང་ག་རིས་ཁྲིམས་འཛིན་བཅོས་སྒྱུར་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་སོགས་ཀྱི་ཐད། ཡོ་རོབ་མནའ་འབྲེལ་གྱི“ཁྲིམས་སྐྱོང་རྩ་དོན”ལས་འགལ་བར་ཁ་གཡར་ནས། ཧང་ག་རིར“ཆ་རྐྱེན་ལམ་སྲོལ”གྱི་གོ་རིམ་ལག་བསྟར་བྱས་ནས། གཏོང་སྤྲོད་བྱས་པའི་མ་དངུལ་བསྡམས་བཅད་བྱས་པ་རེད། ད་ལོའི་ཟླ5པར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་བཤད་རྒྱུར། ཡོ་རོབ་མནའ་འབྲེལ་གྱིས་ཧང་ག་རིར་གཏོགས་པའི་ཡོ་རོབ་མནའ་འབྲེལ་གྱི་མ་དངུལ་ཡོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་བཞི་བཀག་སྡོམ་བྱ་རྒྱུ་ཡིན་པའི་ནང་། “མི་རབས་རྗེས་མའི་ཡོ་རོབ་མནའ་འབྲེལ”གྱི་འཆར་གཞིའི་ཡོ་སྒོར་ཐེར་ཆེན་གཅིག་ཚུད་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།