
ཟླ7པའི་ཚེས10ཉིན། ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ཏེ། ཨ་རི་ཕྱོགས་ཀྱིས་དབྱི་ལང་ཕྱོགས་ཀྱིས་མུ་མཐུད་གྲོས་མོལ་བྱ་རྒྱུའི་གྲོས་འགོར་མོས་མཐུན་བྱས་ཡོད་མོད། ཡིན་ནའང་། དམག་དོན་བྱ་སྤྱོད་སྤེལ་མཚམས་བཞག་པ་མཇུག་སྒྲིལ་ཡོད་ཟེར། དུས་མཚུངས་སུ། ཁ་ཐཱར་གྱི་གྲོས་མོལ་འཐུས་མི་དབྱི་ལང་དུ་བསྐྱོད་དེ། མུ་མཐུད་འདུམ་འགྲིག་བྱེད་ཀྱིན་ཡོད།
ཐི་ལང་ཕུའུ་ཡིས“དབྱི་ལང་གིས་ཨ་རི་ཕྱོགས་ལ་མུ་མཐུད་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཨ་རི་ཕྱོགས་ཀྱིས་གྲོས་འགོ་དེར་མོས་མཐུན་བྱས་ཡོད་ནའང་། དབྱི་ལང་ཕྱོགས་ལ་དམག་དོན་བྱ་སྤྱོད་སྤེལ་མཚམས་བཞག་པ་མཇུག་སྒྲིལ་ཡོད་པ་གསལ་པོར་བསྟན་ཡོད”ཟེར།
དེའི་ཐད་ཨ་རིའི་དམག་དཔུང་ཀྲུང་དབྱང་དམག་སྤྱི་པུའུ་ཡི་མགྲིན་ཚབ་པ་ཏི་མུའུ·ཧོ་ཅིན་སིས་སྨྱན་སྦྱོར་ལ། “ད་ལྟའི་དུས་རིམ་འདིར་དམག་འཐབ་ཐད་ཀྱི་གནས་ཚུལ་གསར་ཤོས་མེད”ཅེས་བཤད་ཡོད། དམག་དོན་བྱ་སྤྱོད་སྤེལ་མཚམས་བཞག་པ་མཇུག་སྒྲིལ་བ་དེས་བར་སྣང་འཇབ་རྒོལ་སླར་ཡང་སྤེལ་མགོ་བརྩམས་པ་མཚོན་མིན་སྐོར་འདྲི་སྐབས། ཧོ་ཅིན་སིས་འདིའི་རྗེས་ཀྱི་དམག་དོན་བྱ་སྤྱོད་ལ་སྔོན་དཔག་བྱེད་ཀྱིན་མེད་ཟེར།
ཚེས10ཉིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་ཤེས་མཁན་ཕྱི་འབྲེལ་དཔོན་ཞིག་གི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁཱ་ཐར་གྱི་གྲོས་མོལ་འཐུས་མིས་ཨ་རི་དང་མཐུན་སྦྱོར་བྱས་རྗེས་དབྱི་ལང་དུ་སོང་ནས། དབྱི་ལང་གི་དཔོན་རིགས་དང་ཐུག་འཕྲད་བྱས་པ་དེའི་དམིགས་ཡུལ་ནི། མིག་སྔའི་གནས་བབ་ཞི་ལྷོད་དུ་གཏོང་བ་དང་འབྲེལ་ཏེ། ཨ་རི་དང་དབྱི་ལང་བར་གྱི་གྲོས་མོལ་སླར་གསོ་བྱ་རྒྱུར་ཆ་རྐྱེན་བསྐྲུན་ཆེད་ཡིན་ཟེར། གཞན་ཡང་ཨ་རིའི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཨ་རིའི་དམག་དཔུང་གིས “རྡུང་རྡེག་བཏང་རྗེས་དམག་དོན་བྱ་སྤྱོད་གནས་སྐབས་མཚམས་འཇོག་པའི”ཐབས་ཇུས་སྤྱད་པ་དེ་ནི། གནས་བབ་ཛ་དྲག་ཏུ་མི་འགྲོ་བ་བྱ་ཆེད་ཡིན་ལ། ཕྱི་འབྲེལ་ཐད་འབད་བརྩོན་བྱ་རྒྱུར་བར་སྟོང་སྔར་ལས་ཆེན་པོ་འཇོག་ཆེད་ཀྱང་ཡིན་ཟེར།
ཨ་རིའི་ཁོ་ལོམ་པི་ཡའི་རླུང་འཕྲིན་ཀུང་སིས་ཆ་འཕྲིན་མི་སྣ་མང་པོའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱི་ལང་གིས་སྔར་བཞིན་འདུམ་འགྲིག་ཕྱོགས་ཁཱ་ཐར་བརྒྱུད་དེ།“ཕན་ཚུན་བར་སྐད་ཆ་ཤོད་རེས་གང་ལེགས་བྱེད་ཀྱིན་ཡོད”ཅེས་འཁོད་ཡོད། དབྱི་ལང་གི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཨ་ལ་ཀེ་ཆི་ཡིས་བསྟུད་མུར་ཉིན་འགའི་རིང་ལ། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་དང་དེ་བཞིན་དེའི་ཚོགས་པའི་བར་བྲེལ་གཏུག་རྒྱུན་འཁྱོངས་བྱེད་ཀྱིན་ཡོད།
ཚེས8ཉིན། ཐི་ལང་ཕུའུ་ཡིས་ཐུར་ཁེའི་རྒྱལ་ས་ཨན་ཁ་ལ་རུ་བྱང་ཆིངས་དབུ་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཨ་རི་དང་དབྱི་ལང་བར་བཞག་པའི་བསམ་ཤེས་དྲན་ཐོ“མཇུག་སྒྲིལ་ཟིན་པར”ངོས་འཛིན་བྱེད་ཀྱིན་ཡོད་པས། དབྱི་ལང་ཕྱོགས་དང་སླར་ཡང་འབྲེལ་བ་བྱེད་འདོད་མེད་པར་མ་ཟད། ཨ་རིའི་དམག་དཔུང་གིས“དེ་རིང་དགོང་མོ་དབྱི་ལང་ལ་སླར་ཡང་རྡུང་རྡེག་དྲག་པོ་གཏོང་སྲིད”ཟེར། ཚེས9ཉིན། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐི་ལང་ཕུའུ་བྱང་ཆིངས་དབུ་ཚོགས་ལ་ཞུགས་ནས་ཨ་རིར་ཕྱིར་ལོག་བྱེད་པའི་ལམ་བར་དུ་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་ལང་ཕྱོགས་ཀྱིས“མི་རིང་བའི་སྔོན་ལ་ཚུར་ཁ་པར་བརྒྱབ་སྟེ། ཁོ་ཚོས་ཨ་རིའི་བར་གྲོས་མཐུན་འཇོག་རྒྱུར་རེ་ལྟོས་ཆེན་པོ་བཅངས་ཡོད”ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།