
དབྱི་སི་རལ་སྤྱི་པའི་རླུང་འཕྲིན་ཀུང་སིས་ཚེས10ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་བླང་བྱ་ལྟར་དབྱི་སི་རལ་སྲིད་གཞུང་གིས་དམག་ཕྱོགས་ལ་ལེ་པ་ནོན་ལྷོ་རྒྱུད་དུ། “ཚོར་སྣང་སྐྱེན་པའི”དམག་དོན་བྱ་སྤྱོད་གནས་སྐབས་འགོར་འགྱངས་གཏོང་དགོས་པའི་བཀའ་བཏང་ཡོད་ཟེར།
གནས་ཚུལ་སྤེལ་བ་ལྟར་ན། བཀའ་རྒྱ་དེ་མུ་མཐུད་གོ་ཆོད་རྒྱུ་ཡིན་པ་དང་ཐ་ན་ལོགས་སུ་བརྡ་ཐོ་གཏོང་རྒྱུ་དང་འབྲེལ་ཏེ། ཨ་རི་དང་དབྱི་ལང་གི་གནས་བབ་འཕེལ་རྒྱས་དང་དེ་བཞིན་དབྱི་སི་རལ་དང་ལེ་པ་ནོན་བར་གྱི་གྲོས་མོལ་འཕེལ་རིམ་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
གནས་ཚུལ་སྤེལ་བའི་ནང་། ཉེ་ལམ། ཨ་རིས་དབྱི་ལང་དང་དམག་དོན་འགྲན་རྒོལ་བྱེད་པར་བྲེལ་ནས། དབྱི་སི་རལ་གྱི་བྱ་སྤྱོད་ཀྱིས་མིག་སྔའི་གནས་བབ་སྔར་ལས་ཛ་དྲག་ཅན་དུ་འགྲོ་རྒྱུར་སེམས་ཁུར་བྱེད་ཀྱིན་ཡོད་ཅེས་འཁོད་ཡོད།
གནས་ཚུལ་སྤེལ་བའི་ནང་དུ་དབྱི་སི་རལ་བདེ་འཇགས་སྡེ་ཁག་གི་ཆ་འཕྲིན་མི་སྣ་ཞིག་གི་སྐད་ཆ་དྲངས་ནས། དབྱི་སི་རལ་དམག་དཔུང་གིས་མིག་སྔར་ཨ་རི་ཕྱོགས་ཀྱི་རེ་བ་ལྟར་བཟོད་སྒོམ་བྱེད་ཀྱིན་ཡོད་ཟེར།
གནས་ཚུལ་སྤེལ་བའི་ནང་ད་དུང་དབྱི་སི་རལ་དམག་དཔུང་གིས་གཟའ་འཁོར་རྗེས་མ་ནས་བཟུང་། ལེ་པ་ནོན་ལྷོ་རྒྱུད་དུ་དབྱེ་འབྱེད་གཏན་འཁེལ་བྱས་པའི“བདེ་འཇགས་ཁུལ”ཟེར་བའི་ཁྲོད་ཀྱི་ས་ཁོངས་གཉིས་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་ཅིང་། དམག་དཔུང་ཕྱིར་འཐེན་གྱི་བཀོད་སྒྲིག་འདི་ནི་དབྱི་སི་རལ་དང་ལེ་པ་ནོན་གཉིས་ཀྱིས་ད་ལོའི་ཟླ6པའི་ཟླ་མཇུག་ཏུ། ཨ་རིའི་རྒྱལ་ས་ཝ་ཧྲིན་ཏོན་ནས་བཞག་པའི་སྒྲོམ་གཞིའི་གྲོས་མཐུན་གྱི་ཆ་ཤས་ཤིག་ཡིན། དུས་མཚུངས་སུ། སྔོན་དཔག་བྱས་ན། ཕྱོགས་གཉི་གས་གཟའ་འཁོར་རྗེས་མར་དབྱི་ཐ་ལིའི་རྒྱལ་ས་རོ་མ་རུ་གྲོས་མོལ་སླར་གསོ་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།