
སི་ཕེན་ཨན་ཏ་ལོ་ཞི་ཡ་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་དཔོན་པོས་ཚེས10ཉིན་བཤད་རྒྱུར། རྒྱལ་ཁབ་འདིའི་ལྷོ་རྒྱུད་ཨ་འར་མེ་ལེ་ཡ་ཞིང་ཆེན་དུ་ཚེས9ཉིན་ནགས་ཚལ་མེར་ཤོར་ནས་ཉུང་མཐར་ཡང་མི11རྐྱེན་ལམ་དུ་ཤོར་ཞིང་། མི4ལ་རྨས་ལྕི་མོ་ཕོག གཞན་མི19གར་སོང་ཆ་མེད་དུ་གྱུར།
ཨན་ཏ་ལོ་ཞི་ཡ་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་དང་འཕྲལ་བསྟུན་ལས་དོན་གྱི་ལས་ཚབ་པུའུ་ཀྲང་ཨན་ཏུང་ནེ་ཨོ.སང་སི་ཡིས་ས་དེའི་སྨྱན་སྦྱོར་ལ་བཤད་རྒྱུར། ངོས་འཛིན་གཏན་འཁེལ་བྱས་པའི་རྐྱེན་ལམ་དུ་ཤོར་མཁན11ཁྲོད། མི4ཕལ་ཆེར་དབྱིན་ཇི་ནས་ཡོང་བ་འདྲ། རྨས་མ་ལྕི་མོ4ཡིས་སྨན་ཁང་དུ་སྨན་བཅོས་དང་ལེན་བྱེད་ཀྱིན་ཡོད།
ཐོག་མའི་བརྟག་དཔྱད་ལྟར་ན། ཚེས9ཉིན་ཨ་འར་མེ་ལེ་ཡ་ཞིང་ཆེན་གྱི་ལོ་སི་ཅ་ལི་ཡ་འར་ཏོ་སི་རུ་མེ་སྐྱོན་བྱུང་བ་ནི་བར་སྣང་གི་གློག་སྐུད་ཅིག་ཆད་ནས་ལྷུང་བ་ལས་བྱུང་ངེས་ཆེ། ཚ་བ་ཆེ་བ་དང་རླུང་ཤུགས་དྲག་པོའི་ནུས་པའི་འོག ཉེ་འདབས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ལ་མེ་ལྕེ་མྱུར་དུ་མཆེད། ས་དེའི་སྲིད་གཞུང་གིས་ནགས་ཚལ་མེ་སྐྱོན་གྱི་འཕྲལ་བསྟུན་སྔོན་ཇུས་བཀོད་དེ། མཐའ་འཁོར་གྱི་ས་གནས་མང་པོའི་སྡོད་དམངས་བྲེལ་མྱུར་ཁ་འགྲེམ་བཏང་ཞིང་། མི1000ཙམ་གནས་སྐབས་ཀྱི་བདེ་འགོད་གནས་ལ་བརྒྱུད་སྤོར་བྱས།
སི་ཕེན་གྱི་རྒྱལ་བོ་ཧྥེ་ལི་ཕེ་སྐུ་ཕྲེང་དྲུག་པ་དང་རྒྱལ་ཡུམ་ལའེ་ཏི་ཞི་ཡ་ཡིས་ཚེས10ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་། རྒྱལ་བོའི་ཁབ་ཀྱི་གཞུང་ཕྱོགས་རྩིས་ཨང་བརྒྱུད་དེ་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མིར་སེམས་གསོ་བྱས་པ་མ་ཟད། མེ་གསོད་དང་རོགས་སྐྱོབ་ལ་ཞུགས་པའི་ལས་སྒྲུབ་མི་སྣར་རྒྱབ་སྐྱོར་བྱས། དབུ་བློན་སང་ཆེ་སི་ཡིས་ཀྱང་ཉིན་དེར་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་མི་དང་ཤུགས་རྐྱེན་ཐེབས་པའི་སྡོད་དམངས་ལ་སེམས་གསོ་བྱས།