མཱ་ལིའི་དམག་ཕྱོགས་ཀྱིས་བྱང་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན100ལྷག་བསད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཱ་ལིའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས9ཉིན་སྤྱི་སྒྲོག་སྤེལ་ཏེ། མཱ་ལིའི་དམག་ཕྱོགས་ཀྱིས་ཚེས8ཉིན་བྱང་ཕྱོགས་ཀྱི་ཅི་ཏཱ་ཨར་ས་ཁུལ་གྱི་ཨ་ནེ་ཧྥེ་སི་དང་ཅཱ་ཨོ་ས་ཁུལ་གྱི་ཐཱ་པུའུ་ལི་ཧྲ་ཐི་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན100ལྷག་བསད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ལིའི་དྲག་ཆས་དམག་དཔུང་གིས་དབྱི་སི་ལན་དང་མུའུ་སི་ལིན་ལ་རྒྱབ་སྐྱོར་བྱེད་པའི་ཐལ་སྤྱོད་རྩ་འཛུགས་དང་ཁ་བྲལ་རིང་ལུགས་ཀྱི་དྲག་ཆས་རྩ་འཛུགས་ཨ་ཀྲ་ཝ་ཏི་བཅིངས་འགྲོལ་འཐབ་ཕྱོགས་ཀྱི་འབྲེལ་ཡོད་དྲག་ཆས་ཚོགས་པར་ཆམ་ཕབ་བཏང་། ཚེས8ཉིན་གྱི་འགུལ་སྐྱོད་ཁྲོད་དམག་ཕྱོགས་ཀྱིས་བསྡོམས་པས་བར་སྣང་འཇབ་རྒོལ་ཐེངས13སྤེལ་ཏེ། ཁྲབ་ལྡན་འཁོར་ལོ་དྲུག་དང་དངོས་སྐྱེལ་རླངས་འཁོར་ཆུང་བ་གཅིག་གཏོར་བ་དང་། འཇིགས་སྐུལ་ཉེས་ཅན100ལྷག་བསད། དམག་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་འཇིགས་སྐུལ་དྲག་ཆས་ཚོགས་པར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

མཱ་ལིའི་དམག་ཕྱོགས་ཀྱིས་དེའི་སྔོན་སྤྱི་སྒྲོག་སྤེལ་ཏེ། ཚེས4ཉིན་མཱ་ལིའི་ས་ཁུལ་མང་བོར་འཇིགས་སྐུལ་དྲག་ཆས་ཚོགས་ཁག་གི་འཇབ་རྒོལ་ཐེབས་པ་དང་། ཨ་ནེ་ཧྥེ་སི་ནི་འཇབ་རྒོལ་དམིགས་འབེན་ཅིག་རེད། ཚེས5ཉིན་གྱི་ཞོགས་པར་འཇིགས་སྐུལ་དྲག་ཆས་ཚོགས་ཁག་གི་དཔུང་རོགས་མི་སྣ་དང་སྒྲིག་ཆས་འབྱོར་བའི་དབང་གིས་ཨ་ནེ་ཧྥེ་སི་ཕྱོགས་ཀྱི་འཐབ་འཁྲུག་གནས་བབ་སྔར་ལས་ཛ་དྲག་ཏུ་སོང་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།