སུའུ་ཏན་བྱང་རྒྱུད་ཀྱི་གསེར་གཏེར་ཞིག་བརྡིབས་ནས་མི15རྐྱེན་ལམ་དུ་ཤོར།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སུའུ་ཏན་གཏེར་ཁའི་ཐོན་ཁུངས་ཀུང་ཟིས་ཚེས6ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། རྒྱལ་ཁབ་འདིའི་བྱང་རྒྱུད་ཀྱི་བེད་མེད་དུ་བསྐྱུར་བའི་གསེར་གཏེར་ཞིག་བརྡིབས་ནས། གཏེར་འདོན་བཟོ་བ15རྐྱེན་ལམ་དུ་ཤོར་ཞིང་མི1རྨས།

གསལ་བསྒྲགས་ལས་བཤད་རྒྱུར། གསེར་གཏེར་བརྡིབས་པའི་དོན་རྐྱེན་དེ་སུའུ་ཏན་བྱང་ཕྱོགས་མངའ་སྡེ་ཡི་ཨེ་ཅིབ་མཐའ་མཚམས་དང་ཉེ་བའི་ཝ་ཏེ་ཧ་ལེ་ཧྥ་ས་ཁུལ་གྱི་མུའུ་ཧན་མུའུ་ཏི.ཐའོ་ཧྥེ་ཁི་གཏེར་འདོན་ར་བར་བྱུང་བ་རེད། དོན་རྐྱེན་བྱུང་རྗེས། སུའུ་ཏན་གཏེར་ཁའི་ཐོན་ཁུངས་ཀུང་སིའི་རོགས་སྐྱོབ་རུ་ཁག་དང་དམངས་སྲུང་མི་སྣ་འཕྲལ་མར་ཡུལ་དངོས་ལ་ཐག་གཅོད་བྱེད་དུ་ཡོང་། རྨས་མ་སྨན་ཁང་དུ་བསྐྱལ་བ་དང་། འཚོལ་སྐྱོབ་ལས་ཀ་ད་རུང་སྒྲུབ་ཀྱིན་ཡོད།

གནས་ཚུལ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་ཚེས5ཉིན་གྱི་ཞོགས་པར་བྱུང་བ་དང་། གཏེར་འདོན་ར་བ་ཡོངས་སུ་བརྡིབས་ནས་རོགས་སྐྱོབ་ལས་ཀ་དཀའ་ཁག་མང་པོར་འཕྲད།

གསལ་བསྒྲགས་ལས་བཤད་རྒྱུར། བདེ་འཇགས་ལ་བསམ་གཞིགས་བཏང་སྟེ། སུའུ་ཏན་གཏེར་ཁའི་ཐོན་ཁུངས་ཀུང་ཟི་ཞིག་གིས་དེ་སྔ་མུའུ་ཧན་མུའུ་ཏི་.ཐའོ་ཧྥེ་ཁི་གཏེར་འདོན་ར་བ་སྒོ་བརྒྱབ་པ་མ་ཟད། མི་སྣ་དེའི་ནང་དུ་སོང་ནས་ལས་ཀ་སྒྲུབ་མི་ཆོག་པའི་བཀའ་རྒྱ་བསྒྲགས། གཏེར་འདོན་བཟོ་བ་འགས་སྒྲིག་འགལ་གྱིས་སྔོག་འདོན་བྱས་པས་ཐེངས་འདིའི་གཏེར་ཁྲོན་བརྡིབས་པ་རེད། ཀུང་ཟི་འདིས་གཏེར་འདོན་ལས་གཉེར་མི་སྣས་བདེ་འཇགས་ཚད་གཞི་དང་མཛུབ་སྟོན་བརྩི་སྲུང་ནན་མོ་བྱས་ཏེ། སྒོ་བརྒྱབ་པའི་གཏེར་ཁྲོན་ལ་སོང་མི་ཆོག་པའི་འབོད་སྐུལ་བཏང་།

སུའུ་ཏན་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། གསེར་ཐོན་སྐྱེད་དང་ཕྱིར་གཏོང་དེ་ཧྥེ་གླིང་རྒྱལ་ཁབ་ཁྲོད་མདུན་གྲལ་དུ་ཚུད་པ་དང་། ཕྱི་དངུལ་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོའི་གྲས་ཀྱི་གཅིག་ཡིན། འོན་ཀྱང་སུའུ་ཏན་གསེར་ཐོན་སྐྱེད་ཀྱིས་སྲོལ་རྒྱུན་སྔོག་འདོན་བྱེད་ཐབས་ལ་བརྟེན་ཏེ། སྲོལ་རྒྱུན་གཏེར་འདོན་གནས་མངའ་སྡེ་མང་པོ་རུ་ཁྱབ་ཡོད། གཞུང་ཕྱོགས་ཀྱི་སྡོམ་རྩིས་ལྟར་ན། སུའུ་ཏན་དུ2025ལོར་གསེར་ཐོན་ཚད་ཏུན70རུ་སླེབས་པ་དང་། དེའི་ཁྲོད་བརྒྱ་ཆའི་བརྒྱད་ཅུ་ཙམ་གཏེར་འདོན་བཟོ་བས་སྔོག་འདོན་བྱས་པ་རེད།