
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས19ཉིན་ཁྱབ་བསྒྲགས་བྱས་དོན། ཞིང་ལས་ལ་རོགས་སྐྱོར་བྱེད་པའི་འཕྲལ་བསྟུན་མ་དངུལ་བྱིན་ཏེ། ཧའོ་ཨར་མུའུ་ཙི་མཚོ་འགག་གི་བཀག་སྡོམ་ལས་བྱུང་བའི་ལུད་རྫས་ཀྱི་རིན་གོང་ཇེ་མཐོར་སོང་བའི་ཐད་ནས་ཞིང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཞིང་ལས་དང་ཟས་རིགས་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཧན་སིན་གྱིས་ཉིན་དེར་ཧྥ་རན་སིའི་སི་ཐི་ལཱ་སི་པའོ་ཡོ་རོབ་གླིང་གྲོས་ཁང་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་གནོད་པ་ཚབས་ཆེན་ཐེབས་པའི་ཞིང་བར་དམིགས་སའི་རང་བཞིན་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། ཁོ་ཚོས་དུས་ཚིགས་རྗེས་མའི་ལོ་ཏོག་ལ་མཁོ་བའི་ལུད་རྫས་ཉོ་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
འཆར་གཞི་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཞིང་ལས་ཉམས་ཉེན་གསོག་འཇོག་ཐེབས་རྩའི་ཁྲོད་ཀྱི་མ་དངུལ་ལྷག་མ་བཀོལ་རྒྱུ་ཡིན་པ་དང་། ཧ་ལམ་ཡོ་སྒོར་དུང་ཕྱུར་གཉིས་ཙམ་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱར་ཁའི་སྔོན་ལ་ཇུས་གཞི་བཏོན་ནས། འབྲེལ་ཡོད་ཀྱི་གསོག་འཇོག་ཐེབས་རྩའི་གཞི་རྒྱ་ཇེ་ཆེར་གཏོང་རྒྱུའི་འཆར་གཞི་ཡོད།
གོ་ལ་ཧྲིལ་བོའི་སུམ་ཆའི་གཅིག་གི་མཚོ་ཐོག་ལུད་རྫས་ཉོ་ཚོང་ཧའོ་ཨར་མུའུ་ཙི་མཚོ་འགག་བརྒྱུད་དགོས། ཡོ་རོབ་གླིང་དུ་རང་བྱུང་སོལ་རླངས་མ་བཅོས་རྒྱུ་ཆར་བྱས་པའི་ལུད་རྫས་ཀྱི་རིན་གོང་ན་ནིང་དགུན་ཁའི་ཏུན་གཅིག་ལ་ཡོ་སྒོར380ནས་ཡོ་སྒོར500ལ་འཕར་ཡོད། ཡོ་རོབ་གླིང་གིས་ལུད་རྫས་དང་རང་བྱུང་སོལ་རླངས་ནང་འདྲེན་བྱེད་ཚད་ཅུང་མཐོ་བས། ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་ཀྱིས་འབྲེལ་ཡོད་ཚོང་རྫས་ཀྱི་རིན་གོང་བསྟུད་མར་ཇེ་མཐོར་སོང་ན་ད་ལོའི་འདེབས་འཛུགས་བཀོད་སྒྲིག་ལ་རྙོག་དྲ་བཟོ་སྲིད་པར་མ་ཟད། འབྲུ་རིགས་ཐོན་སྐྱེད་ལའང་ཤུགས་རྐྱེན་ཐེབས་ནས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཟས་རིགས་རིན་གོང་ཇེ་མཐོར་འགྲོས་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།